རྗེ་ཤེས་རབ་རྒྱ་མཚོའི་རྒྱལ་གཅེས་དགོངས་དོན་དཔྱད་མོལ་ཚོགས་འདུ་གནའ་མཁར་ཟི་ལིང་དུ་གཟབ་རྒྱས་ངང་བསྡུས་པ།

ཟླ9བའི་ཚེས2ཉིན།མཚོ་སྔོན་ཞིང་ཆེན་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་དང་།ཀྲུང་གོ་ནང་བསྟན་མཐུན་ཚོགས།ཀྲུང་གོ་བོད་རིག་པ་ཞིབ་འཇུག་ལྟེ་གནས་བཅས་ཀྱིས་མཉམ་དུ་སྒྲུབ་པའི་རྗེ་ཤེས་རབ་རྒྱ་མཚོའི་རྒྱལ་གཅེས་དགོངས་དོན་དཔྱད་མོལ་ཚོགས་འདུ་གནའ་མཁར་ཟི་ལིང་དུ་གཟབ་རྒྱས་ངང་བསྡུས།


ཀྲུང་དབྱང་བོད་བྱ་བའི་གཞུང་ལས་ཁང་གི་ཀྲུའུ་རིན་གཞོན་པ་སྲི་ཐར་གྱིས་གཏམ་བཤད་སྤེལ་བཞིན་པ།





དཔྱད་མོལ་ཚོགས་འདུའི་སྟེང་།ཀྲུང་དབྱང་བོད་བྱ་བའི་གཞུང་ལས་ཁང་གི་ཀྲུའུ་རིན་གཞོན་པ་སྲི་ཐར་དང་།ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་ལས་འཛིན་གཞོན་པ་ལཱེན་ཞྭང་མེན།ཀྲུང་གོ་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་ཡཱན་ཅོ།རྒྱལ་ཡོངས་སྲིད་གྲོས་རྒྱུན་ཨུའམ་བོད་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ།ཀྲུང་གོ་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ།བོད་ལྗོངས་ནང་བསྟན་སློབ་གྲྭ་ཆེན་མོའི་གླིང་གཙོ་སྒྲུབ་ཁང་ཐུབ་བསྟན་མཁས་གྲུབ།མཚོ་སྔོན་ཞིང་ཆེན་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་མགོན་པོ་བཀྲ་ཤིས་སོགས་ཀྱིས་སོ་སོར་ཤིས་ཚིག་ཕུལ་ཏེ།དགེ་བཤེས་ཁོང་གི་རྒྱལ་གཅེས་ཆོས་གཅེས་ཀྱི་བླ་མེད་དགོངས་པ་དང་རྒྱལ་གཅེས་རིང་ལུགས་ཀྱི་སྲོལ་རྒྱུན་དར་སྤེལ་ཐད་ཀྱི་མཛད་རྗེས་ལ་དྲན་གསོ་ཞུས།

རྗེ་ཤེས་རབ་རྒྱ་མཚོ་མཆོག་གིས་མེས་རྒྱལ་གོང་བུ་གཅིག་གྱུར་ལ་སྲུང་སྐྱོབ་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་བྱེད་པའི་སླད་དུ།རང་རྒྱལ་གྱི་རིགས་སོ་སོའི་མི་དམངས་དབར་གྱི་རིག་གནས་བརྗེ་རེས་དང་ཕན་ཚུན་གྱི་འཁྱེར་སོ་རྒྱུས་ལོན་པའི་ཕྱོགས་སུ་ཕྱག་ལས་གང་མང་གནང་བ་དང་།མི་རིགས་རིག་གནས་ལས་དོན་ལ་སྲུང་སྐྱོབ་དང་ཡར་རྒྱས་སུ་གཏོང་བར་བསུབ་ཏུ་མེད་པའི་ཕྱག་རྗེས་མཛད་དེ་ཀྲུང་གོའི་ནང་བསྟན་པའི་སྡེ་ཡི་རྒྱལ་གཅེས་ཆོས་གཅེས་ཀྱི་མིག་དཔེ་གསོན་པོ་ཞིག་ཏུ་གྱུར་བས། བློ་མཐུན་མའོ་ཙེ་ཏུང་དང་ཀྲུའུ་ཨེན་ལེ་སོགས་ཀྱིས་ཀྱང“རྒྱལ་གཅེས་རྒན་པོ”ཞེས་པའི་མཚན་སྙན་གསོལ་མྱོང་། ཁོང་གིས་སྐུ་ཚེ་གང་བོར་ཐོས་བསམ་སྒོམ་གསུམ་དང་འཆད་རྩོད་རྩོམ་གསུམ། ལྟ་སྒོམ་སྤྱོད་གསུམ་བཅས་ཀྱི་རྣམ་དཀར་འཕྲིན་ལས་ལ་འབད་པ་ལྷོད་མེད་གནང་བ་དང་།ལྷག་ཏུ་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེའི་དར་ཆ་ཆེས་ཆེར་བསྒྲེངས་པས་རྒྱ་བོད་ཧོར་སོགས་ཀྱི་མི་རིགས་ཁག་ཙམ་མ་ཟད།འཛམ་གླིང་གི་ཕྱི་ནང་ཀུན་ཏུ་ཡང་སྙན་པའི་གྲགས་པ་ཕྱོགས་བཅུར་རྒྱས་པ་རེད།
