རྔ་བའི་ཟུང་ཆུ་རྫོང་མཁར་དུ་བོད་ཡིག་སློབ་ཆུང་འཛིན་གྲྭ་འཛུཊ་རྒྱུ་རེད།

སློབ་ཆུང་ལོ་རིམ་དང་པོར་མིང་ཐོ་འགོད་དགོས་ན་སློབ་མའི་ལོ་དྲུག་ལོན་དགོས་ཤིང་ཁྱིམ་ཐོ་རྫོང་ཐོག་དང་གདོང་རོ་ཡུལ་ཚོ། རྡོ་ཟམ་ཡུལ་ཚོ། ཕ་མཐའ་ཡུལ་ཚོ། གདོང་སྣ་ཡུལ་ཚོ། ཞའོ་ཞིན་ཡུལ་ཚོ་སོགས་སྐད་གཉིས་སློབ་གྲྭ་མེད་པའི་གྲོང་རྡལ་དང་ཡུལ་ཚོ་སོགས་ཕ་སྐད་བོད་སྐད་ཡིན་པའི་སློབ་ན་སོན་པའི་བྱིས་པ་ཡིན་དགོས་ལ། བོད་ཡིག་གཙོ་སྦྱོང་གི་སློབ་ཆུང་འཛིན་གྲྭ་ནི་ཞག་སྡོད་ལམ་ལུགས་ཡིན་པས་སློབ་གྲྭ་ཚོགས་པའི་སྐབས་སློབ་མ་རྣམས་སློབ་གྲྭར་འདུག་དགོས།
ཟླ་༦པའི་ཚེས༢༧ཉིན་གྱི་ཞོགས་པར། ཁྱིམ་བདག་བསོད་ནམས་ལྷ་མོས་སློབ་གྲྭ་མ་ཚོགས་གོང་ནས་རང་གི་བུ་མོ་ཁྲིད་དེ་བོད་ཡིག་སློབ་འབྲིང་གི་སྒོ་ཁར་སྒུག་ནས་མིང་ཐོ་འགོད་རྩིས་བྱས། མོས་གསར་འགོད་པར་བཤད་རྒྱུར། མིག་སྔར་ངའི་བུ་མོས་ཁྱུང་མཆུ་རྫོང་གསེར་དེའུ་ནས་བྱིས་གཉོར་ཁང་འགྲིམ་བཞིན་ཡོད། གཅིག་ནས་མོའི་ཨ་མེས་དང་ཨ་ཕྱི་གཉིས་ཀྱིས་གསེར་དེའུ་རུ་ཟ་ཁང་ཆུང་ཆུང་ཞིག་གཉེར་ཡོད་པས་མོ་ལྟ་སྐྱོང་བྱེད་པར་སྟབས་བདེ་བ་དང་། གཉིས་ནས་རང་མི་རིགས་ཀྱི་སྐད་དང་ཡི་གེ་སྦྱོང་བ་ལ་ཕན་པས་ཡིན། སློབ་སྐབས་རྗེས་མ་ནས་སློབ་ཆུང་འདོན་རན་པས་ང་ཚོ་ཚང་མར་སེམས་ཁུར་ཆེན་པོ་བྱུང་། སྐད་རིགས་ཐམས་ཅད་ཤེས་ན་བཟང་མོད་ཀྱང་། རང་གི་ཕ་སྐད་བརྗེད་ན་ངོ་ཚ་རེད། ངས་རང་གི་བུ་མོས་རང་མི་རིགས་ཀྱི་སྐད་དང་ཡི་གེ་ཤེས་དགོས་པས་ངེས་པར་དུ་སྐད་གཉིས་སློབ་གསོའི་སློབ་ཆུང་འགྲིམ་དགོས་བསམས་མོད། འོན་ཀྱང་བུ་མོ་ལོ་ཆུང་པས་སློབ་གྲྭ་ཐག་རིང་ནས་བཏོན་ན་བློ་མི་བདེ་བས། ངེད་ཚང་ཁྱིམ་ཚང་གང་བོར་སེམས་ཁྲལ་ཆེན་པོ་བྱུང་སྐབས། སློབ་སྐབས་རྗེས་མར་ཟུང་ཆུ་རྫོང་ཐོག་ནས་བོད་ཡིག་གཙོ་སྦྱོང་གི་སློབ་ཆུང་འཛིན་གྲྭ་འཛུགས་རྒྱུའི་གཏམ་བཟང་འདི་ཐོས་བྱུང་། དེ་བས་དེ་རིང་སྔ་མོ་ཞིག་ནས་འདིར་ཐོན་ནས་བསྒུག་བསྡད་པ་ཡིན། འདི་ནི་ང་ལས་གཞན་པའི་ཕ་སྐད་བོད་སྐད་ཡིན་པའི་ཁྱིམ་བདག་ཀུན་ལ་མཚོན་ན་ཡང་གཏམ་བཟང་ཞིག་ཡིན་ངེས།

ཟུང་ཆུ་རྫོང་བདུན་གཅིག་བོད་ཡིག་སློབ་འབྲིང་སློབ་སྟོན་ཁང་གི་ཀྲུའུ་རེན་བསོད་ནམས་ཐར་གྱིས་ཟུང་ཆུ་རྫོང་ཨུད་དང་རྫོང་སྲིད་གཞུང་གི་ཚད་མཐོའི་མཐོང་ཆེན་དང་རྫོང་སློབ་གསོ་ཅུས་ཀྱི་འགོ་ཁྲིད་རྣམ་པའི་རྒྱབ་སྐྱོར་ཤུགས་ཆེན་པོའི་འོག ངེད་སློབ་གྲྭས་སློབ་སྐབས་གསར་བར་སློབ་ཆུང་བོད་ཡིག་གཙོ་སྦྱོང་གི་འཛིན་གྲྭ་འཛུགས་རྒྱུ་ཡིན་ལ། འདི་ནི་ལོ་མང་པོའི་རིང་གི་སྤྱི་ཚོགས་ཀྱི་འབོད་སྐུལ་དང་ཁྱིམ་བདག་གི་དགོས་མཁོ་རེད། ལས་དོན་འདི་ནི་འགན་འཁྲི་ཆེ་ཞིང་བགྲོད་ལམ་རིང་པོ་ཡིན་མོད། ང་ཚོར་ཡིད་ཆེས་བརྟན་པོ་ཡོད། གོང་རིམ་འགོ་ཁྲིད་ཀྱི་ཐུགས་ཁུར་དང་སྤྱི་ཚོགས་ལས་རིགས་སོ་སོའི་རྒྱབ་སྐྱོར། ལས་གྲོགས་རྣམས་ཀྱི་འབད་པར་བརྟེན་ང་ཚོས་ལས་དོན་འདི་ལེགས་པོ་ཞིག་བསྒྲུབ་ཐུབ་པར་ཡིད་ཆེས་ཀྱིས་ཁེངས་ཏེ་རང་རྫོང་གི་སྐད་གཉིས་སློབ་གསོའི་རྨང་གཞི་སྲ་བརྟན་གཏོང་རྒྱུ་ཡིན་ཞེས་བཤད།
