མཛོད་གཡང་ཕྱུག་མོའི་སྤྲོ་འཛོམས་ཞེས་པའི་རིག་རྩལ་སྤྲོ་ཚོགས་སྤེལ་བ།

ཡོང་ཁུངས། ངེད་དྲ་བ།
སྤེལ་དུས།: ༢༠༡༨ ལོའི་ཟླ་ ༧ ཚེས་ ༢

        སྤྱི་ཟླ་6པའི་ཚེས་29ཉིན། སི་ཁྲོན་རྒྱང་སྒྲོག་བརྙན་འཕྲིན་ཁང་བོད་སྐད་རླུང་འཕྲིན་དང་ཁམས་པའི་བརྙན་འཕྲིན་ཁང་། ཡུལ་སྐོར་འཚོ་བའི་རླུང་འཕྲིན། ཀྲུང་གུང་མཛོད་དགེ་རྫོང་ཨུ་དང་རྫོང་མི་དམངས་སྲིད་གཞུང་བཅས་ཀྱིས་གཙོ་སྒྲུབ་མཛད་པའི་སི་ཁྲོན་བོད་སྐད་རླུང་བརྙན་འཕྲིན་ཉན་མཁན་དང་མཇལ་བའི་སྤྱི་ཕན་བྱེད་སྒོ་སྟེ་མཛོད་གཡང་ཕྱུག་མོའི་སྤྲོ་འཛོམས་ཞེས་པའི་རིག་རྩལ་སྤྲོ་ཚོགས་རྔ་བ་ཁུལ་མཛོད་དགེ་རྫོང་གི་རིག་རྩལ་ཐང་ཆེན་ནས་གཟབ་རྒྱས་ངང་སྤེལ།

        དེ་ཡང་ཐེངས་འདིའི་སྤྱི་ཕན་བྱེད་སྒོ་བརྒྱུད་ནས་སི་ཁྲོན་རྒྱང་སྒྲོག་བརྙན་འཕྲིན་ཁང་དང་ཞིན་ཧྭ་ཡིག་ཚགས་དཔེ་སྐྲུན་སྨྱན་བྱེད་མ་རྐང་ཚད་ཡོད་སྤྱི་གཉེར་ཁང་། སི་ཁྲོན་མཛེས་རྩལ་དཔེ་སྐྲུན་ཁང་། བོད་ལྗོངས་མཐོ་སྒང་གཅེས་ནོར་འོ་ལས་ཚད་ཡོད་སྤྱི་གཉེར་ཁང་། སི་ཁྲོན་ལན་ཅན་ཚོགས་ཁག་སོགས་སྤྱི་ཕན་ལས་རིགས་ལ་གཞོལ་བའི་ཁེ་ལས་དང་ལས་ཁུངས་ཁག་གིས་མཛོད་དགེ་རྫོང་གི་ཡུལ་མི་སྤུན་ཟླ་རྣམས་ལ་དཔེ་དེབ་དང་འོད་སྡེར། སྒྲ་སྡུད་འཕྲུལ་ཆས། འོ་ཕྱེ་སོགས་ཀྱི་རིག་གནས་དང་འཚོ་བའི་སྤྱོད་ཆས་ལེགས་སྐྱེས་སུ་ཕུལ། 
        ཐེངས་འདིའི་རིག་རྩལ་སྤྲོ་ཚོགས་སུ་ཚེ་དབང་དང་སྒྲོན་པེ། དཔལ་ཆེན་དབང་རྒྱལ། མགར་བསམ་གྲུབ་ཚེ་རིང་། ཚེ་རིང་དོན་གྲུབ། རྡོ་བཀྲ་ཤིས་སོགས་བོད་ཡུལ་ན་མིང་དུ་གྲགས་པའི་གཞས་པ་གཞས་མ་སྐོར་ཞིག་གདན་དྲངས་ཤིང་། རྨ་ཆུའི་གླུ་གར་ཚོགས་པ་དང་དབྱངས་ཅན་སྒྲ་སྙན་རོལ་ཚོགས་སོགས་ཐེངས་འདིའི་སྤྲོ་ཚོགས་སུ་ཞུགས་ནས་མཛོད་དགེ་རྫོང་གི་ལས་བྱེད་པ་དང་སློབ་མ། ས་གནས་ཀྱི་ཞིང་འབྲོག་མང་ཚོགས་བཅས་ལ་གླུ་དང་གར་གྱི་ལྟད་མོ་གྱ་ནོམ་པ་ཞིག་ཕུལ་པར་རྒྱ་ཆེའི་ལྟད་མོ་བ་རྣམས་ཀྱི་དགའ་བསུ་ཆེན་པོ་ཐོབ།།