ཉག་རོང་རྫོང་དུ་གཟིག་རྨས་མ་ཞིག་སྒོ་རའི་ནང་མཆོང་བ།
ཡོང་ཁུངས། ངེད་དྲ་བ།
སྤེལ་དུས།: ༢༠༡༨ ལོའི་ཟླ་ ༦ ཚེས་ ༡༤

གཟིག་ནི་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་སྲུང་སྐྱོང་གཅན་གཟན་གྱི་རིགས་ཤིག་ཡིན་ལ། སྤུ་མདོག་སེར་སྐྱའམ་དམར་སེར་གྱི་སྟེང་དུ་ཐིག་ལེ་ཟླུམ་པོའམ་ཟུར་གསུམ་ནག་ཐིག་སོགས་ཀྱིས་ཁྱབ་པ་དང་། གཟན་དུ་ཤ་བ་དང་རི་བོང་སོགས་བཟའ་བའི་གཅན་གཟན་གཏུམ་པོ་ཞིག་ཡིན། སྐབས་འགར་བཀྲེས་ལྟོགས་བྱུང་དུས་གྲོང་སྡེ་ནང་ཡོང་ནས་སྒོ་ཕྱུགས་དང་ཁྱི་ཡང་ཟ་བ་རེད།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྔོ་ལྗང་གི་རི་ཀླུང་ནི་གསེར་རི་དངུལ་རི་ཡིན་ཞེས་གསུངས་པ་དང་བསྟུན་ནས། ཉེ་བའི་ལོ་འགའི་ནང་དཀར་མཛེས་ཁུལ་གྱིས་ཁོར་ཡུག་སྲུང་སྐྱོང་ལ་མཐོང་ཆེན་ཚད་མེད་བྱས་མཐར། རང་ཁུལ་གྱི་ས་གནས་སོ་སོར་རྒྱལ་ཁབ་ཀྱི་སྲུང་སྐྱོང་རིམ་པ་དང་པོ་དང་རིམ་པ་གཉིས་པ། རིམ་པ་གསུམ་པ་ལ་སོགས་པའི་རྩ་ཆེན་གྱི་རི་སྐྱེས་སྲོག་ཆགས་དང་རི་དྭགས་མང་པོ་ཞིག་མཐོང་རྒྱུ་ཡོད་པ་རེད། རྒྱལ་ཁབ་རིམ་པའི་སྲུང་སྐྱོང་རིགས་ཀྱི་གཅན་གཟན་དང་རི་དྭགས་ལ་རྨས་སྐྱོན་གཏོང་མི་རུང་། དེ་འདྲ་ཡོད་པ་མཐོང་ན་དུས་ཐོག་ཏུ་ཡུལ་དེ་གའི་མི་སེར་ཚོས་ནགས་ལས་སྡེ་ཁག་ལ་གནས་ཚུལ་ཞུ་དགོས།།