ཞི་ཅིན་ཕིང་གིས་པེ་ཅིང་སློབ་ཆེན་ལ་རྟོག་ཞིབ་གནང་བ།

ཁོང་གིས། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་ཡག་པོ་དང་གོང་འཕེལ་ཡག་པོ་བཏང་སྟེ། རང་རྒྱལ་འདི་ཉིད་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ཆེན་ལ་འཛུགས་སྐྲུན་བྱ་རྒྱུ་ནི་ཡུན་རིང་གི་ལས་འགན་ཡིན་པས་མི་རབས་ནས་མི་རབས་བར་གྱི་མི་སྣས་འབད་འཐབ་བྱེད་དགོས། རྒྱ་ཆེའི་གཞོན་ནུ་རྣམས་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེའི་བསྐྱར་དར་མངོན་འགྱུར་ཡོང་བའི་གསོན་ཤུགས་དམག་ལ་འགྱུར་བ་བྱས་ཏེ། རྒྱལ་ཁབ་དང་མི་རིགས་ཀྱི་རེ་བ་ཕྲག་སྟེང་དུ་འཁུར་དགོས། མཐོ་རིམ་སློབ་གྲྭས་སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་པ་དང་རྒྱུན་འཛིན་པ་གསོ་སྐྱོང་བྱེད་པའི་རྩ་བའི་ལས་འགན་ལ་དམ་འཛིན་ཡག་པོ་བྱེད་པ་དང་། སློབ་གཉེར་གྱི་ཡང་དག་པའི་ཆབ་སྲིད་ཁ་ཕྱོགས་རྒྱུན་འཁྱོངས་བྱེད་པ། བྱང་ཚད་མཐོ་བའི་དགེ་རྒན་གྱི་དཔུང་ཁག་འཛུགས་སྐྱོང་བྱེད་པ། ཆུ་ཚད་མཐོ་བའི་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་པའི་མ་ལག་ཆགས་པ། ཀྲུང་གོའི་ཁྱད་ཆོས་ཀྱི་འཛམ་གླིང་སློབ་གྲྭ་ཆེན་མོ་རྩེ་གྲ་འཛུགས་སྐྱོང་ཧུར་ཐག་བྱེད་དགོས་པའི་ནན་སྟོན་གནང་བ་རེད།

ཁོང་གིས། རྒྱལ་ཁབ་ཀྱི་གོང་འཕེལ་དང་སློབ་གྲྭ་ཆེན་མོའི་གོང་འཕེལ་གཉིས་གཅིག་ལ་གཅིག་བརྟེན་ཡིན། ང་ཚོས་རྒྱལ་ཁབ་གོང་འཕེལ་གྱི་འཕེལ་རིམ་ཁྲོད་མཐོ་རིམ་སློབ་གསོ་ཡག་པོ་གཉེར་བ་དང་། འཛམ་གླིང་གི་སློབ་ཆེན་རྩེ་གྲ་གཉེར་བར་དང་ཐོག་ཀྲུང་གོའི་ཁྱད་ཆོས་མངོན་པའི་ཐོག་ཤུགས་སྣོན་རྒྱག་དགོས་ཞེས་གསུངས་པ་རེད།



དེ་རྗེས། ཞི་ཅིན་ཕིང་གིས་མར་ཁེ་སི་རིང་ལུགས་ཀྱི་ཚད་ལྡན་ཡིག་ཆའི་ལྟེ་གནས་སུ་ཕེབས་པ་དང་། དེ་གར་ཉར་ཚགས་བྱས་པའི་མར་ཁེ་སི་རིང་ལུགས་ཀྱི་རྩ་ཆེའི་གཞུང་ལུགས་ལ་གཟིགས་གནང་བ་དང་། མར་ཁེ་སིའི་རྩ་ཆེའི་གཞུང་ལུགས་ཉར་ཚགས་ལས་གཞིའི་འཕེལ་རིམ་གནས་ཚུལ་བཀའ་འདྲི་གནང་ཡོད་ཅིང་། ཁོང་ཚོའི་ལས་ཀ་ནི་ཧ་ཅང་དོན་སྙིང་ལྡན་པ་ཞིག་ཡིན་པའི་བསྔགས་བརྗོད་གནང་ཡོད། དཔེ་ཀློག་ཁང་དུ། ཞི་ཅིན་ཕིང་གིས་དེ་གར་ཡོད་པའི་ཕྱི་རྒྱལ་ནས་ཡོང་བའི་སློབ་མ་ཚོར། ཀྲུང་གོར་ཤེས་རྟོགས་བྱེད་པར་ཀྲུང་གོའི་ལོ་རྒྱུས་དང་རིག་གནས། མི་ཆོས་རིག་གནས་ཀྱི་བསམ་པ། གོང་འཕེལ་དུས་མཚམས་བཅས་ཤེས་རྟོགས་བྱེད་དགོས་པ་དང་། ལྷག་པར་དུ་དེང་དུས་ཀྲུང་གོའི་མར་ཁེ་སི་རིང་ལུགས་ཤེས་རྟོགས་བྱེད་དགོས་ཞེས་གསུངས་པ་དང་། ཁོང་གིས། ད་ལོ་ནི་མར་ཁེ་སི་སྐུ་འཁྲུངས་ནས་ལོ་ངོ་ཉིས་བརྒྱ་འཁོར་བའི་ལོ་ཡིན་ལ། གུང་ཁྲན་ཏང་གི་བསྒྲགས་གཏམ་སྤེལ་ནས་ལོ་170འཁོར་བའི་ལོ་ཞིག་ཀྱང་ཡིན། ང་ཚོས་མར་ཁེ་སི་དང་གུང་ཁྲན་ཏང་གི་བསྒྲགས་གཏམ་ལ་དྲན་གསོ་ཡག་ཤོས་བྱེད་པ་དེ་ནི་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་དང་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སྟེ། དེང་དུས་ཀྲུང་གོའི་མར་ཁེ་སི་རིང་ལུགས་ཞིབ་འཇུག་ཡག་པོ་དང་དྲིལ་བསྒྲགས་ཡག་པོ། ལག་བསྟར་ཡག་པོ་བཅས་བྱེད་དགོས་ཞེས་ནན་བཤད་གནང་བ་དང་། ཁོང་གིས་ཚང་མས་འཛམ་གླིང་གི་གནས་ཚུལ་དང་རྒྱལ་ཁབ་ཀྱི་གནས་ཚུལ། ཏང་གི་གནས་ཚུལ་བཅས་ཀྱི་འགྱུར་བ་དང་འབྲེལ་བ་དམ་ཟབ་བྱས་ཏེ། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པར་ཞིབ་འཇུག་ནན་ཏན་བྱེད་དགོས་པའི་སྐུལ་མ་གནང་ཡོད་པ་རེད།

ཞི་ཅིན་ཕིང་གིས། ཀྲུང་གོའི་ཁྱད་ཆོས་ཀྱི་འཛམ་གླིང་སློབ་ཆེན་རྩེ་གྲ་གཉེར་བ་དང་། སྤྱི་ཚོགས་རིང་ལུགས་ཀྱི་ཚད་ལྡན་འཛུགས་སྐྲུན་པ་དང་རྒྱུད་འཛིན་པ་གསོ་སྐྱོང་བྱེད་པར་རྨང་གཞིའི་རང་བཞིན་གྱི་ལས་ཀ་ཁག་གསུམ་དམ་འཛིན་ཡག་པོ་བྱེད་དགོས། དེ་ཡང་གཅིག་ནི། སློབ་གཉེར་གྱི་ཡང་དག་པའི་ཆབ་སྲིད་ཁ་ཕྱོགས་རྒྱུན་འཁྱོངས་བྱེད་དགོས། རང་རྒྱལ་གྱི་སྤྱི་ཚོགས་རིང་ལུགས་སློབ་གསོ་ནི་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་པ་དང་རྒྱུད་འཛིན་པ་གསོ་སྐྱོང་བྱ་རྒྱུ་དེ་ཡིན། མར་ཁེ་སི་རིང་ལུགས་ནི་རང་རེའི་ཏང་གི་ཏང་འཛུགས་དང་རྒྱལ་འཛུགས་ཀྱི་གཞི་རྩའི་འཛུབ་ཁྲིད་བསམ་བློ་ཡིན་ལ། རང་རྒྱལ་གྱི་སློབ་ཆེན་གྱི་ཆེས་མངོན་གསལ་དོད་པའི་ཁྱད་ཆོས་ཞིག་ཡིན། མར་ཁེ་སི་རིང་ལུགས་ཀྱི་རིགས་གཞུང་སློབ་གསོར་དམ་འཛིན་ཡག་པོ་བྱེད་པ་དང་། སློབ་མས་མར་ཁེ་སི་རིང་ལུགས་ཀྱི་ལོ་རྒྱུས་ཀྱི་དགོས་ངེས་རང་བཞིན་དང་ཚན་རིག་དང་མཐུན་པའི་བདེན་དོན་རང་བཞིན། རིག་གཞུང་དོན་སྙིང་། ད་ལྟའི་དོན་སྙིང་བཅས་ལ་ངོས་འཛིན་གཏིང་ཟབ་བྱེད་པ། ཁོང་ཚོས་མ་ཁེ་སེ་རིང་ལུགས་ཀྱི་ལངས་ཕྱོགས་དང་ལྟ་བ། བྱ་ཐབས་བཅས་བརྒྱུད་འཛམ་གླིང་ལ་ལྟ་ཞིབ་བྱེད་པ་དང་འཛམ་གླིང་ལ་དབྱེ་ཞིབ་བྱ་རྒྱུའི་སློབ་གསོ་རྒྱག་པ། ད་ལྟ་འཕྲད་པའི་དུས་རབས་ཀྱི་སློབ་གཞི་དངོས་སུ་ཤེས་རྟོགས་བྱེད་པ་དང་། འཛམ་གླིང་གོང་འཕེལ་གྱི་ཁ་ཕྱོགས་ཁོང་དུ་གཏིང་ཟབ་ཆུད་པ་བྱེད་པ། ཀྲུང་གོ་དང་འཛམ་གླིང་གོང་འཕེལ་གྱི་འཕེལ་ཕྱོགས་ཆེན་པོ་ཤེས་རྟོགས་གསལ་པོ་བྱེད་པ། སློབ་མ་ཚོས་མར་ཁེ་སི་རིང་ལུགས་ཀྱི་བདེན་དོན་སྟོབས་ཤུགས་གོ་བ་གཏིང་ཟབ་ལེན་པ་བཅས་བྱས་ཏེ། སློབ་མ་ཚོ་འཚར་ལོངས་ཡོང་བ་དང་ཤེས་ལྡན་མི་སྣར་འགྱུར་ཆེད་ཚན་རིག་དང་མཐུན་པའི་བསམ་བློའི་རྨང་གཞི་འདིང་དགོས།
རྒྱུན་བསྲིངས་ལྷོད་མེད་ངང་སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་གསོ་སྐྱོང་དང་དར་སྤེལ་ཤུགས་ཆེན་གཏོང་བ་དང་། རྒྱ་ཆེའི་དགེ་སློབ་ཚོས་སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བར་བློ་བརྟན་འགྱུར་མེད་ངང་དད་མོས་བྱེད་མཁན་དང་། བརྒྱུད་བསྒྲགས་ཧུར་ཐག་བྱེད་མཁན། དཔེ་སྟོན་ལག་བསྟར་བྱེད་མཁན་བཅས་བྱ་རྒྱུར་ཁྲིད་སྔོན་བྱེད་དགོས། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་གདེང་ཚོད་དང་། རིག་གཞུང་གདེང་ཚོད། ལམ་ལུགས་གདེང་ཚོད། རིག་གནས་གདེང་ཚོད་བཅས་ཀྲུང་གོའི་ཁྱད་ཆོས་ཀྱི་འཛམ་གླིང་སློབ་ཆེན་རྩེ་གྲ་གཉེར་བའི་གདེང་ཚོད་ལ་འགྱུར་བ་བྱེད་དགོས།
གཉིས་པ། བྱང་ཚད་མཐོ་བའི་དགེ་རྒན་དཔུང་ཁག་འཛུགས་སྐྱོང་བྱ་དགོས། ཆབ་སྲིད་ཀྱི་བྱང་ཚད་བཟང་བ་དང་། འགན་བབ་ལས་ཀའི་འཇོན་ཐང་ཆེ་བ། མི་སྣ་གསོ་སྐྱོང་གི་ཆུ་ཚད་མཐོ་བ་བཅས་ཀྱི་བྱང་ཚད་མཐོ་བའི་དགེ་རྒན་དཔུང་ཁག་འཛུགས་སྐྱོང་བྱ་རྒྱུ་དེ་ནི་སློབ་ཆེན་འཛུགས་སྐྱོང་གི་རྨང་གཞིའི་ལས་ཀ་ཞིག་ཡིན། སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་པ་དང་། རྒྱུན་འཛིན་པ་གསོ་སྐྱོང་བྱེད་པའི་མཐོ་ཚད་ཐོག་ནས་སློབ་གྲྭ་ཆེན་མོའི་དགེ་རྒན་དཔུང་ཁག་གི་བྱང་ཚད་བླང་བྱ་དང་། མི་སྣའི་གྲུབ་ཆ། གསོ་སྐྱོང་མ་ལག་སོགས་ནས་བསམ་གཞིག་བྱེད་དགོས་པ་དང་། དགེ་རྒན་གྱི་ཀུན་སྤྱོད་སྤྱོད་ཚུལ་འཛུགས་སྐྱོང་ལ་དམ་འཛིན་བྱེད་དགོས།
སློབ་གསོ་གཏོང་མཁན་ལ་སྔོན་ལ་སློབ་གསོ་ཐོབ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། དགེ་རྒན་རྣམས་སློབ་མ་ཚོ་བདེ་ཐང་ངང་འཚར་ལོངས་ཡོང་བར་མཛུབ་ཁྲིད་བྱེད་མཁན་དང་། ལམ་སྟོན་བྱེད་མཁན་གྱི་འགན་འཁྲི་སྔར་ལས་ཡག་པ་ཁུར་ཐུབ་པ་བྱེད་དགོས། དགེ་རྒན་ཚོས་མི་སྣ་གསོ་སྐྱོང་དང་། རང་ངོས་བློ་སྦྱོང་གཉིས་ཟུང་སྦྲེལ་བྱ་རྒྱུར་ཁྲིད་སྟོན་བྱས་ཏེ་ཀུན་སྤྱོད་ལ་བརྟེན་ནས་སློབ་གྲྭ་གཉེར་བ་དང་། ཀུན་སྤྱོད་ལ་བརྟེན་ནས་སློབ་ཁྲིད་བྱེད་དགོས།
གསུམ་པ། ཆུ་ཚད་མཐོ་བའི་ཤེས་ལྡན་མི་སྣ་གསོ་སྐྱོང་གི་མ་ལག་ཅིག་ཆགས་པ་བྱེད་དགོས། ཤེས་ལྡན་མི་སྣ་གསོ་སྐྱོང་གི་མ་ལག་དེ་ནི་རིག་ཚན་མ་ལག་དང་། སློབ་ཁྲིད་མ་ལག བསླབ་གཞིའི་མ་ལག དོ་དམ་མ་ལག་སོགས་དང་འབྲེལ་བ་ཡོད་པ་དང་། དེ་དག་ཚང་མ་བསམ་བློ་ཆབ་སྲིད་ལས་དོན་མ་ལག་ནང་ཁྱབ་ཡོད།
ཏང་གི་འགོ་ཁྲིད་དང་ཏང་གི་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་། བསམ་བློ་ཆབ་སྲིད་ལས་དོན་གྱི་མ་ལག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུ་དེ་ནི་ཆུ་ཚད་མཐོ་བའི་ཤེས་ལྡན་མི་སྣའི་གསོ་སྐྱོང་མ་ལག་ཆགས་པའི་ནང་དོན་གལ་ཆེན་ཞིག་ཡིན། དེས་ན་ཏང་གིས་སློབ་ཆེན་ལ་འགོད་ཁྲིད་བྱ་རྒྱུ་རྒྱུན་འཁྱོངས་དང་། སྤྱི་ཚོགས་རིང་ལུགས་ཀྱི་སློབ་གཉེར་ཁ་ཕྱོགས་རྒྱུན་འཁྱོངས་བྱས་ནས་ང་ཚོའི་ཁྱད་ཆོས་དང་བཟང་ཆ་དེ་སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་པ་དང་། རྒྱུན་འཛིན་པ་གསོ་སྐྱོང་བྱེད་པའི་ནུས་པར་གྱུར་བ་བྱེད་དགོས། ནུས་ཤུགས་ཆེན་པོ་བཏོན་ནས་རིག་ཚན་སྣོལ་མ་མང་པོ་དང་ནུས་པ་ཆེན་པོ་ལྡན་པའི་ཚན་རྩལ་འགག་གཏོར་ཚོགས་པ་འཛུགས་དགོས་པ་དང་། རིག་ཚན་བར་གྱི་མཐུན་སྦྱོར་གསར་གཏོད་ལ་ཤུགས་སྣོན་རྒྱག་པ་དང་། གསར་གཏོད་རང་བཞིན་དང་། མ་ལག་རིང་བཞིན། སྣེ་འདྲེན་རང་བཞིན་གྱི་ཞིབ་འཇུག་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་དགོས། རྒྱལ་སྤྱིའི་ཆུ་ཚད་ལྡན་པའི་འཐབ་ཇུས་རང་བཞིན་གྱི་ཚན་རྩལ་ཤེས་ལྡན་མི་སྣ་དང་། ཚན་རྩལ་སྣེ་ཁྲིད་ཀྱི་ཤེས་ལྡན་མི་སྣ། དེ་བཞིན་ན་གཞོན་ཚན་རྩལ་ཤེས་ལྡན་མི་སྣ་དང་། ཆུ་ཚད་མཐོ་བའི་གསར་གཏོད་ཚོགས་པ་ཁག་ཅིག་གསོ་སྐྱོང་བྱས་ནས་སྔོན་མཐོང་རང་བཞིན་གྱི་རྨང་གཞིའི་ཞིབ་འཇུག་དང་། སྣེ་ཁྲིད་རང་བཞིན་གྱི་་གསར་གཏོད་གྲུབ་འབྲས་ཐོབ་རྒྱུར་གལ་ཆེའི་འགག་གཏོར་ཡོང་བའི་བརྩོན་ལེན་བྱེད་དགོས་ཞེས་དང་།
ཞི་ཅིན་ཕིང་གིས། དེང་རབས་ཀྱི་གཞོན་ནུ་ནི་དུས་རབས་གསར་པ་དང་ཆབས་ཅིག་མདུན་སྐྱོད་བྱེད་པའི་མི་རབས་ཅིག་ཡིན། རྒྱ་ཆེའི་ན་གཞོན་ཚོར་འཕེལ་རྒྱས་ཀྱི་མདུན་ལམ་རྒྱ་ཆེན་པོ་ཡོད་ལ། རླབས་ཆེའི་དུས་རབས་ཀྱི་འགན་འཁྲི་ཡང་ལྡན་ཡོད། ན་གཞོན་ཚང་མ་སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་པ་དང་། རྒྱུན་འཛིན་པར་གྱུར་ནས་དུས་རབས་ཀྱི་འགན་འཁྲི་དང་། མི་དམངས་ཀྱི་རེ་སྒུག་ཆུ་བཟོས་སུ་གཏོང་མི་ཉན། རྒྱ་ཆེའི་ན་གཞོན་ཚོས་མེས་རྒྱལ་ལ་བློ་དཀར་སེམས་དཀར་དང་། མི་དམངས་ལ་ལྷག་བསམ་རྣམ་དག་བྱེད་དགོས་ཤིང་། ཀྲུང་ཧྭ་མི་རིགས་ཀྱི་ལོ་རྒྱུས་ལ་ཤེས་རྟོགས་དང་། ཀྲུང་ཧྭའི་རིག་གནས་གཞི་རྐྱེན་རྒྱུན་འཛིན་བྱས་ནས་མི་རིགས་ཀྱི་ སྤོབས་སེམས་དང་། རིག་གནས་ཀྱི་གདེང་ཚོད་ཡོད་དགོས་པ་དང་། རང་ཉིད་ཀྱི་ཕུགས་བསམ་དང་མེས་རྒྱལ་གྱི་མདུན་ལམ་དང་། རང་ཉིད་ཀྱི་མི་ཚེ་དང་མི་རིགས་ཀྱི་ལས་དབང་བཅས་དམ་པོར་སྦྲེལ་ནས་མི་དམངས་ཁྲོད་རྩ་བ་ཚུགས་པ་དང་། རྒྱལ་ཁབ་ལ་ལེགས་སྐྱེས་ཕུལ་དགོས། འདུན་པ་ཆེན་པོ་བཅངས་ནས་འབད་འཐབ་ཅན་ཞིག་བྱེད་པ་དང་། འབད་འཐབ་ཀྱི་སྙིང་སྟོབས་གསོ་སྤེལ་བྱས་ནས་ཕུགས་བསམ་བརྟན་པ་དང་། དད་སེམས་ཆེ་བ། དཀའ་ངལ་ལ་མི་སྐྲག་པ། གསར་གཏོད་བྱེད་ཕོད་པ། འབད་འཐབ་ཧུར་ཐག སེམས་ཤུགས་མི་ཉམས་པ་བཅས་བྱེད་དགོས། རིག་གཞུང་གི་བདེན་པ་འཚོལ་བ་དང་། འཇོན་ཐང་ངོ་མ་སྦྱོང་དགོས་ཤིང་། ཤེས་བྱ་སློབ་སྦྱོང་བྱས་པ་བརྒྱུད། བྱ་དངོས་འཕེལ་རྒྱས་ཀྱི་ཆོས་ཉིད་ཁོང་དུ་ཆུད་པ་དང་། གནམ་འོག་གི་གནས་ལུགས་རྟོགས་པ། ཤེས་རྒྱ་མཐོང་རྒྱ་ཆེ་རུ་གཏོང་བ་བཅས་བྱས་ནས་སྔར་ལས་ལྷག་པའི་སྒོ་ནས་རྒྱལ་ཁབ་ལ་གཟི་བརྗིད་བརྩོན་ལེན་དང་། མི་དམངས་ལ་བདེ་སྐྱིད་སྐྲུན་དགོས། སློབ་སྦྱོང་དང་བྱ་སྤྱོད་གཅིག་གྱུར་ཡོང་བ་དང་། བྱ་བ་དངོས་སྒྲུབ་མཁན་ཞིག་བྱེད་པ། དོན་དངོས་ལ་ཕྱོགས་པ། ལག་ལེན་ནང་གཏིང་ཟབ་ཞུགས་པ། དངོས་དོན་ཟབ་ནན་བྱེད་པ། དཀའ་སྤྱད་དངོས་སྤྱོད་བྱེད་དགོས་པའི་ནན་བཤད་གནང་ཡོད།
དུས་རབས་གསར་པར་བྱ་གཞག་ཆེན་པོ་ཞིག་སྒྲུབ་དགོས། སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་པ་དང་རྒྱུན་འཛིན་པའི་འགན་འཁྲི་ཁུར་སེམས་ཀྱི་ཐོག་ནས་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྱོང་ཐུབ་པ་དང་། ཁྱོན་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་སྟོབས་ཆེའི་རྒྱལ་ཁབ་འཛུགས་སྐྲུན་བྱེད་ཆེད་འབད་འཐབ་ཧུར་ཐག་བྱས་ནས་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེའི་སྐྱར་དར་ཡོང་བ་བྱ་རྒྱུ་དེ་ང་ཚོའི་འབད་འཐབ་ཀྱི་ཁྲོད་ཏུ་ཕུགས་བསམ་མངོན་གྱུར་ཡོང་བ་བྱེད་དགོས།