བཙན་ལྷའི་བགྲེས་པོ་ལན་ལིན་གྱིས། །དྲིན་གཟོའི་སླད་དུ་དར་དམར་ཕྱར། །

2018ལོའི་ཟླ8པའི་ཚེས8ཉིན། བཙན་ལྷ་རྫོང་ཧ་ཉུང་ཡུལ་ཚོ་ཀྱོ་མོ་སྡེ་བའི་ལན་ལིན་དུ་འབོད་པའི་རྒན་པོ་ཞིག་གིས་རང་ཁྱིམ་གྱི་ར་སྐོར་ནས་སྐར་ལྔའི་དར་དམར་ཞིག་ཕྱར། ཉིན་དེ་ནས་བཟུང་འདས་པའི་ལོ་ངོ་བཅུ་ཡི་རིང་ལ་ཁ་དོག་རྣམ་པར་བཀྲ་བའི་སྐར་ལྔའི་དར་དམར་དེ་ཕལ་བའི་ཁྱིམ་ཚང་འདིའི་ར་སྐོར་དུ་མཐོན་པོར་བསྒྲེངས་འོངས་པ་རེད། དུས་སྟོན་ཁྱད་པར་ཅན་དག་ཏུ་ལན་ལིན་གྱིས་རང་ཁྱིམ་དུ་དར་དམར་བསྒྲེང་བའི་བྱེད་སྒོ་དམིགས་བསལ་བ་རེ་སྤེལ་གྱིན་ཡོད་འདུག
རི་མཐོ་ལུང་ཟབ་ཏུ་གྱུར་པའི་ཡུལ་འདིར། ལོ་འཁོར10ཡི་རིང་ལ་རྒན་པོ་འདིས་ཅི་ཕྱིར་སྲོལ་ལུགས་འདི་འདྲ་ཞིག་རྒྱུན་བསྐྱངས་པ་ཡིན་ནམ།

དགུང་ལོ་61ལོན་པའི་རྒན་པོ་ལན་ལིན་གྱིས་གསར་འགོད་པར། རང་ཉིད་ནི་ཞིང་པ་ཕལ་བ་ཞིག་ཡིན། ས་ཞིང་ཡག་པོར་འདེབ་རྒྱུ་ནི་ཞིང་པའི་ལས་ཀ་རེད། ད་ལྟ་འཚོ་བའི་ཆ་རྐྱེན་ཇེ་བས་ཇེ་ལེགས་སུ་འགྲོ་བཞིན་ཡོད་པ་འདི་ཏང་དང་རྒྱལ་ཁབ་ཀྱི་དམངས་ཕན་སྲིད་ཇུས་དང་རྩ་བ་ནས་འབྲལ་ཐབས་མེད། རྒྱལ་ཁབ་སྟོབས་དང་ལྡན་པར་གྱུར་ཚེ། ཁྱིམ་ཚང་ཕལ་བའི་འཚོ་བ་ཡང་བཟང་བར་འགྱུར་བ་ཡིན་ལ། རྒྱལ་དར་བསྒྲེང་བའི་སྐབས་སུ་སེམས་པ་ཡིད་ཆེས་དང་སྤོབས་པས་ཁེངས་ཡོད། ཅེས་བཤད།
ལན་ལིན་གྱིས་གསར་འགོད་པར། ཐོག་མའི་དུས་སུ་རང་ཉིད་ཀྱིས་རི་མགོ་ནས་སྨི་5ཙམ་ཡོད་པའི་སྡོང་པོ་ཞིག་བཅད་ནས་དར་ཤིང་བྱས་པ་ཡིན་ལ། རྫོང་ཐོག་ནས་ཐག་གུ་དང་། ལྕགས་གདུབ་དང་། རྒྱལ་དར་སོགས་ཉོས་པ་ཡིན་ཞེས་བཤད། 2014ལོར་ཧ་ཉུང་སློབ་ཆུང་གི་སློབ་གཙོས་གནས་ཚུལ་འདི་གོ་འཕྲལ། ལྕགས་ཀྱི་དར་མདུང་ངོ་མ་ཞིག་ལན་ལིན་ལ་བྱིན་པ་ཡིན་འདུག

རྒྱལ་དར་ནི་རྒྱལ་ཁབ་ཀྱི་ཆེས་གལ་ཆེའི་མཚོན་རྟགས་ཡིན་པ་དང་། ཆར་ཆུ་མོད་པའི་སྐབས་སུ། བདག་གིས་རྒྱལ་དར་ལ་གཅེས་སྤྲས་བྱས་ནས་ཉར་ཚགས་བྱས་པ་ཡིན་ལ། གནམ་ངོ་དྭངས་པའི་དུས་སུ་རྒྱལ་དར་ཡར་ཕྱར་བ་ཡིན། ཞེས་ལན་ལིན་གྱིས་གདོང་ལ་ལྷད་མེད་འཛུམ་མདངས་ཀྱིས་གང་བཞིན་གསར་འགོད་པར་བཤད། ད་ལྟ་ཁོ་ལ་རེ་བ་གཅིག་ཡོད་པ་དེ་ནི་པེ་ཅིན་གྱི་གནམ་བདེ་སྒོ་མོ་ཆེར་སོང་ནས་རྒྱལ་དར་བསྒྲེང་བའི་བྱེད་སྒོར་དངོས་སུ་ཐེངས་གཅིག་བལྟ་རྒྱུ་དེ་ཡིན་འདུག
ཆེས་སྤྱིར་བཏང་གི་གོམས་སྲོལ་ཆུང་ཆུང་འདིས། མི་སེམས་ལ་གཡོ་འགུལ་ཐེབས་པའི་འོད་ཀྱི་གོང་བུ་ཞིག་དང་། ཆེས་རླབས་ཆེ་བའི་སྟོབས་ཤུགས་ཁྱད་པར་བ་ཞིག་མངོན་པར་བྱས་ཡོད་དོ། །