བོད་ཀྱི་གཞས་ཚིག་རྩོམ་པ་པོ་གྲགས་ཅན་ངག་དབང་དབང་གྲགས་ལགས་ཀྱི་གླུ་ཚོགས་ཁྲེང་ཏུའུ་ནས་སྤེལ།
ཟླ་3པའི་ཚེས་17ཉིན་གྱི་དགོང་མོར། ཁམས་པའི་བརྙན་འཕྲིན་ཁང་གི་གཙོ་སྒྲུབ་དང་སི་ཁྲོན་ཤམ་བྷ་ལ་རིག་གནས་གཏོང་སྦྱོར་ཚད་ཡོད་སྤྱི་གཉེར་དང་ཁྲེང་ཏུའུ་ཧྥུའུ་ལེན་རིག་གནས་རྒྱ་ཁྱབ་ཚད་ཡོད་སྤྱི་གཉེར་གཉིས་ཀྱིས་རོགས་སྒྲུབ་མཛད་པའི་《ཀྲུང་གོ་བོད་གླུའི་པང་གི་གླུ་ཚོགས》སྐབས་གཉིས་པ་སྟེ། བོད་ཀྱི་གཞས་ཚིག་རྩོམ་པ་པོ་གྲགས་ཅན་ངག་དབང་དབང་གྲགས་ལགས་ཀྱི་གཞས་ཚིག་བརྩམས་ཆོས་ཆེད་ཚོགས་ཁྲེང་ཏུའུ་གྲོང་ནས་གཟབ་རྒྱས་ངང་ཚོགས།

ཐེངས་འདིའི་གླུ་ཚོགས་ལ་མིང་དུ་གྲགས་པའི་གཞས་མ་དབྱངས་ཅན་ལྷ་མཛེས་དང་ཁ་བའི་མེ་ཏོག་ཚན་སྡེབ། ཚུལ་ཁྲིམས་རྒྱ་མཚོ་སོགས་གདན་འདྲེན་ཞུས་ཏེ། ཕུལ་བྱུང་གླུ་གཞས་མང་པོ་དབྱངས་ལ་བཀུག་ཅིང་། ཆུ་ཚོད་གཉིས་ལྷག་གི་རིང་ལ། ངག་དབང་དབང་གྲགས་ལགས་ཀྱི་ཕུལ་བྱུང་བརྩམས་ཆོས་དུ་མ་ཡུལ་དངོས་ནས་དངོས་ལེན་བྱས་ཏེ། ལྟད་མོ་བ་དག་གི་དགའ་བསུ་ཆེན་པོ་ཐོབ།


ཡུལ་དངོས་ཀྱི་རྣམ་པ།

མདོ་འཛིན་པ་དང་གཞས་ཚིག་རྩོམ་པ་པོ་གྲགས་ཅན་ངག་དབང་དབང་གྲགས།

གཞས་མ་གྲགས་ཅན་དབྱངས་ཅན་ལྷ་མཛེས།

གཞས་པ་གྲགས་ཅན་ཚུལ་ཁྲིམས་རྒྱ་མཚོ།


གླུ་ཚོགས་ཀྱི་ཡུལ་དངོས་སུ་ཕེབས་མ་ཐུབ་པའི་ཞེན་མི་དག་ལ་ཆེད་དུ་ཟླ་༣པའི་༡༩ཉིན་གྱི་དགོང་མོ་དུས་ཚོད་༧གྱི་སྟེང་། ཁམས་པའི་བརྙན་འཕྲིན་དྲ་བ་དང་ཤམ་བྷ་ལ་ཆ་འཕྲིན་སྟེགས་བུ། ཀྲུང་གོ་བོད་གླུའི་པང་གི་དྲ་ངོས་བཅས་བརྒྱུད་ནས་ཐེངས་འདིའི་གླུ་ཚོགས་གཏང་རྒྱུ་ཡིན་པས། སྐུ་ཉིད་ཀྱི་དུས་ལྟར་དོ་ཁུར་དང་གསན་གཟིགས་གནང་བར་དགའ་བསུ་ཞུ།