བློ་བག་ཡེ་ནས་མི་ཕབ་པའི་དུས་སུ།(ཞར་བཀོད་བཞི)

གཅན་ཆེད་འབར།(མངའ་རིས) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 01-26


 མེ་ཏོག་རེ་རེ་ནི་ཆག་སྒོ་རེ་རེ་ཡིན་ནོ་སྙམ

           སྤྲིན་པ་ཡོད་པའི་ཨ་སྔོན་ཤིན་ཏུ་མཛེས་སོ་སྙམ

 

           བྱ་དངོས་མ་ལུས་ཀྱི་སྐྱེ་འཆི་ནི

           ང་ཚོའི་སྐད་ཅིག་མའི

           དམིགས་པ་ལ་རག་ལས་མེད་དམ

 

           རྒྱུ་སྐར་ནི་གཞར་ཡང་གཅེར་བུར་བུད་ནས་ཡོད་པ་དེའོ

           ཆུ་བོ་ནི་རང་གི་འདུན་མ་ལ་རྩེ་གཅིག་ཏུ་གཞོལ་མཁན་དེའོ

 

           རང་གི་འགྲོ་འདུག་ཉལ་འཆག་ལ

           སྙན་ངག་པའི་ཐེལ་ཙེ་བརྒྱབ་སྟེ

           གཏུན་ཤིང་དང་འདྲ་བའི

           མིའི་རིགས་ལ་ཁོང་དགོད་བྱས

 

           རི་བོ་ཞིག་ཡིན་ན་ཀྲོང་ངེར་བདོག་དགོས་སོ་སྙམ

           ཁང་ཁྱིམ་ཞིག་ཡིན་ན་སྒོ་གླེགས་ཤིག་ཡོད་དགོས་སོ་སྙམ

 

           ངས་རྟག་ཏུ་ཡན་ལག་ལྔ་པའི་སྒོ་ནས

           རྒྱལ་བའི་སྲས་དང་བཅས་པ་ལ

           རྣམ་དག་གིས་ཕྱག་བྱས་ནའང

           དགའ་རབ་དབང་ཕྱུག་གིས

           ང་ལ་ཧབ་ཆ་དི་རི་བྱས

 

           འཇམ་མཉེན་དག་གིས་ང་རང་སོས་པར་བྱས

རྭ་ལྟར་གྱོང་བའི་འཚོ་བ་འདི

ངས་མུ་མཐུད་དུ་མཉེད་དགོས་ཡོད་ཨང

 

                      ༢༠༡༦ལོའི་ཟླ་ཚེས་གསལ་བོར་མི་ཤེས་པའི་དུས་སུ།

 

 

              དངངས་འཚབ། 

འདབ་བརྒྱ་ལྷུག་པོར་གྲོལ་བའི

བུམ་ནང་གི་མེ་ཏོག་དེ

ཁྱོད་ཀྱིས་ཁྱེར་བ་ནས་བཟུང

ངའི་བློ་ཁ་བདེ་མ་མྱོང

 

ཉིན་མོར་ཉི་འོད་ཀྱི་ལག་པར་མ་བཞག

མཚན་མོར་དྲོད་ཁོལ་གྱི་པང་དུ་མ་བཞག

ད་ནི  མཚར་སྡུག་གི་གེ་སར་ས་ལ་བྲུལ་ཅིང

སྔོ་ཀྱུག་ཀྱུག་གི་ལོ་མ་རྙིད་ནས་ཡོད

 

ཕ་ཡུལ་ན

དཔྱིད་ཀའི་རྨོ་འདེབས་ཀྱི་ཚ་རླབས་འཕྱུར་གྱིན་འདུག

ང་རང་གློ་རྡེག་ཏུ་བྲེད་ཤ་ཞིག་ལངས་སོང

ལོ་ལེགས    ལོ་ལེགས

ང་ཡི་བུམ་ནང་གི་མེ་ཏོག

 

                      ༢༠༡༦ལོའི་ཟླ༢པའི་ཚེས༢༣ཉིན་ཕ་ཡུལ་ནས་སྦྱར།

 

              མཚུན་གཏོར།

གོ་རིམ་མེད་པའི་ཁ་བརྡ

ཁ་བརྡའི་ནང་དོན

ངའི་རྩོམ་རིག་གི་ཐོག་ཏུ་བབས

སྐབས་དེར  ཡུམ་ཆེན་གྱིས་ང་ལ

ཁྱོད་ཀྱིས་རྩོམ་ཡིག་འབྲི་བཞིན་མེད་དམ་ཞེས་རྨེད

 

ངས་དབུགས་རིང་ཞིག་འབྱིན་ཏེ

འུད་བརྗོད་ཀྱི་གྲབས་གཤོམ་དུས

ནུ་བོས  ངའི་ཁ་ཕྲོགས་ཏེ

ཁོང་གིས་རྩོམ་ཡིག་འབྲི་ཤེས་ཀྱིན་མི་འདུག་ཅེས

བསྙད་འོངས་ཙ་ན

 

ངའི་དབང་ཤེས་ཡོད་ཚད

ཏན་སེར་བསྡད་སོང

ཏན་སེར་བསྡད་སོང

 

                    ༢༠༡༦ལོའི་ཟླ༢པའི་ཚེས༨ཉིན་ཕ་ཡུལ་ནས་སྦྱར།

 

 

                བར་ཐག

ང་ཚོ་ཇི་འདྲའི་ཐག་ཉེ་ཨང

 

གནས་འདིའི་ཕར་ཕྱོགས་ས་ཆ་དེ་ཡིན

དེའི་ཕར་ནང་རྒྱ་མཚོ་དེ་ཡིན་ཏེ

ང་ཚོ་ཇི་འདྲའི་ཐག་ཉེ་ཨང

 

ང་ཚོ་ཇི་འདྲའི་ཐག་ཉེ་སྟེ

དེ་ཡི་ཕར་ནང་དུ་ཁྱོད་ཡོད

དེ་ཡི་ཕར་ནང་དུ་ཁོམོཡོད་དེ

ང་ཚོ་ཇི་འདྲའི་ཐག་ཉེ་ཨང

 

གནས་འདི་ནི་བྱེའུ་ཚང་ཞིག་དང་མི་འདྲའམ

ང་ཚོ་ནི་བྱེའུ་ཚང་ནས་འཕུར་སོང་བའི་བྱེའུ་དག་སྟེ

མ་གཞིར  ང་ཚོ་ཇི་འདྲའི་ཐག་ཉེ་ཨང

 

                   ༢༠༡༦ལོའི་ཟླ༢པའི་ཚེས༢༨ཉིན་ཕ་ཡུལ་ནས་སྦྱར།

བརྩེ་བ་མཚོན་བྱེད་ཀྱི་ཡིག་འབྲུ་འགའ།

འཆར་ཀའི་ཉི་འོད

མེ་ཏོག་གི་ཟིལ་ཐིགས

བྱེའུ་ཡི་གྲེ་འགྱུར

ཤང་ཤང་གི་ཆུ་བོ

བསིལ་བསིལ་གྱི་རྫི་རླུང

ཟམ་ཟིམ་གྱི་ཆར་བ

ཁྱོད་ཀྱི་མྱོས་ཤིང་གཡོ་བའི་སེམས་འགྱུ

 

ནུབ་ཁའི་ཉི་འོད

མཚམས་སྤྲིན་གྱི་ན་བཟའ

ཟླ་བའི་འཛུམ་མདངས

སྐར་མའི་མིག་ཟུང

མཐའ་ཀླས་པའི་མཛེས་སྡུག

དབེན་སིམ་གྱི་འཇིག་རྟེན

ང་ཡི་སྤྲོ་ཞིང་སྐྱིད་པའི་སེམས་འགྱུ

 

སྒེའུ་ཁུང་ལས་ཕྱི་རོལ་ལ་ཅེར་བའི

མིག་ཟུང་ཀེམ་ཀེམ

སེམས་པ་ལྡེམ་ལྡེམ

ང་ཡིས་ཁྱོད་དྲན

དྲན་པ་གུལ་གུལ་གྱིས་འཁྱོམ

 

                                 ༢༠༡༦ལོའི་ཟླ༤པའི་ཚེས༦ཉིན།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1