མིང་དུ་གྲགས་པའི་གཏོར་གཟུགས་མཆོད་རྟེན་ནི་སྤྱི་ལོ་སྔོན་གྱི་2600ལོར་བསྐྲུན་འགོ་བརྩམས་ཤིང་ཐུན་མོང་གིས་ཁས་འཆེས་པའི་འཛམ་གླིང་གི་གནའ་བོའི་ངོ་མཚར་ཆེན་པོ་བརྒྱད་ཀྱི་གྲས་སུ་བགྲངས། ད་ལྟའི་བར་གནའ་དཔྱད་པས་ཁྱོན་བསྡོམས་གཏོར་གཟུགས་མཆོད་རྟེན་བརྒྱ་ལ་ཉེ་བ་གསར་རྙེད་བྱུང་ཞིང་། དེ་དག་ལས་བཟོ་བཀོད་ཀྱི་རྔམ་བརྗིད་ཅིང་གཏོས་ཆེ་བ་ནི་མི་རབས་གསུམ་གྱི་གཏོར་གཟུགས་མཆོད་རྟེན་ཏེ། ཧོ་ཧྥོ་གཏོར་གཟུགས་མཆོད་རྟེན་དང་ཧ་ཧྥོ་ལ་མཆོད་རྟེན་ཆེན་མོ། མེན་ཁ་ཝོ་ལ་གཏོར་གཟུགས་མཆོད་རྟེན་བཅས་ཡིན། དེ་གསུམ་ལས་ཧོ་ཧྥོ་གཏོར་གཟུགས་མཆོད་རྟེན་ཆེན་མོའི་རྨང་མཐའི་རིང་ཚད་ལ་སྨི་270དང་མཐོ་ཚད་ལ་སྨི་157.1ཡོད་པ་དང་། རྩིག་རྡོ་ཆེན་པོ་ཁྲི་230ཡིས་གྲུབ་ཅིང་རྩིག་རྡོ་རེའི་ལྗིད་ཚད་ལ་ཆ་སྙོམས་ཏུན་205ཡོད་པས་གཏོར་གཟུགས་མཆོད་རྟེན་ཀུན་ལས་ཆེས་ཆེན་པོར་ངོས་འཛིན། གནའ་བོའི་ཨེ་ཅིབ་མིའི་ངག་རྒྱུན་དང་ཆེད་མཁས་པའི་དཔྱད་འབྲས་ལྟར་ན། གཏོར་གཟུགས་མཆོད་རྟེན་ནི་གནའ་བོའི་ཨེ་ཅིབ་ཀྱི་རྒྱལ་རབས་སོ་སོའི་རྒྱལ་པོ་དག་གི་བང་སོ་ཡིན་པ་དང་། དེ་ནི་རྒྱལ་པོ་དང་འབྱོར་ལྡན་སྐུ་དྲག་དག་ཚེ་ལས་འདས་རྗེས་ཀྱི་འདོད་རྒུ་ལོངས་སུ་སྤྱོད་སའི་བསྟི་གནས་ཤིག་ཀྱང་ཡིན་པ་རེད།
ཧ་ལམ་ལོ་ངོ་ཁྲི་གཉིས་ཀྱི་སྔ་རོལ་དུ་གནམ་གཤིས་ལ་འགྱུར་ལྡོག་ཆེན་པོ་བྱུང་རྐྱེན་ཧྥེ་གླིང་བྱང་མའི་ས་ཁུལ་ཕལ་མོ་ཆེ་མྱ་ངན་ཐང་དུ་གྱུར་ཞིང་། དེར་འཚོ་སྡོད་བྱས་པའི་མི་རྣམས་ཀྱང་རིམ་བཞིན་སོ་སོར་གྱེས་ནས་ནེ་ལའོ་གཙང་བོའི་འབབ་ཡུལ་གྱི་བདེ་ཐང་དང་འདམ་གཞོང་དུ་ཉ་ལས་དང་རི་དྭགས་རྔོན་པ་ལ་བརྟེན་ནས་འཚོ་ཚིས་ཀྱི་རྒྱུན་བསྐྱངས། སྤྱི་ལོ་སྔོན་གྱི་18000ལོའི་ཡས་མས་སུ་གནའ་བོའི་ཨེ་ཅིབ་རྡོ་ཆས་རྙིང་མའི་དུས་མཇུག་(རྡོ་ཆས་བར་མའི་དུས་སྐབས)དུས་སྐབས་སུ་སླེབས་པ་དང་སྤྱི་ལོ་སྔོན་གྱི་ལོ་6000ལོ་ཡས་མས་སུ་གནའ་བོའི་ཨེ་ཅིབ་རྡོ་ཆས་གསར་མ་དང་རྡོ་ཟངས་མཉམ་སྤྱོད་ཀྱི་དུས་སྐབས་སུ་སླེབས་པར་བཞེད། འཐུས་ཚབ་རང་བཞིན་གྱི་རྡོ་ཟངས་མཉམ་སྤྱོད་ཀྱི་དུས་སྐབས་ཀྱི་རིག་གནས་ནི་བྷ་ཏ་ལི་རིག་གནས་དང་ནིས་གྷ་ངྡ་རིག་གནས་ལ་ངོས་འཛིན། དོན་དམ་དུ་སྔ་རབས་རྒྱལ་ཕྲན་གྱི་དུས་སྐབས་ཏེ། སྤྱི་ལོ་སྔོན་གྱི་ལོ་3500ནས་སྤྱི་ལོ་སྔོན་གྱི་3100ཡས་མས་ཀྱི་སྐབས་སུ། ཤེས་རིག་དར་པའི་སྤྱི་ཚོགས་སུ་སླེབས་ཤིང་སྤྱི་ཚོགས་ཁྲོད་སྐུ་དྲག་དང་མི་སེར། བྲན་གཡོག་བདག་པོ་དང་བྲན་གཡོག་གི་གྲལ་རིམ་བྱུང་།
ཡིག་གཟུགས་རང་ངོས་ནས་ཆོས་ལུགས་མི་སྣའི་སྤྱོད་པའི་ཡིག་གཟུགས་དང་མི་སེར་གྱི་སྤྱོད་པའི་ཡིག་གཟུགས་གཉིས་སུ་དབྱེ་ཞིང་། རིམ་བཞིན་འཕེལ་རྒྱས་སུ་ཕྱིན་པའི་གོ་རིམ་ཁྲོད་ཆོས་ལུགས་མི་སྣའི་སྤྱོད་པའི་ཡིག་གཟུགས་དེ་ཆོས་ལུགས་བསྟན་བཅོས་རྩོམ་པར་བཀོལ་བ་དང་། མི་སེར་གྱི་སྤྱོད་པའི་ཡིག་གཟུགས་དེ་སྲིད་ཕྱོགས་དང་རྩོམ་རིག་སོགས་རྒྱུན་སྤྱོད་རིག་གནས་ཀྱི་བྱེད་སྒོར་བཀོལ་བའི་སྲོལ་ཆགས། གནའ་དཔྱད་པ་མང་པོ་ཞིག་གིས་རྫ་ཆས་དང་བུམ་པའི་སྟེང་གི་འདྲ་གཟིགས་ཡི་གེ་ལ་ཞིབ་འཇུག་པའི་དཔྱད་འབྲས་ལས་བསྟན་པ་ལྟར་ན། གནའ་བོའི་ཨེ་ཅིབ་ཡི་གེ་ནི་ཁྲལ་སྡུད་ཀྱི་དགོས་མཁོར་དམིགས་ནས་བྱུང་ཞིང་། དེ་ནི་འཛམ་གླིང་གི་བྱུང་བ་ཆེས་སྔ་བའི་འདྲ་གཟིགས་ཡི་གེ་ཡིན་པ་རེད།
གནའ་བོའི་ཨེ་ཅིབ་མིས་ཤེས་རིག་འཕེལ་རྒྱས་ཀྱི་གོ་རིམ་ཁྲོད་ཡི་གེ་གསར་དུ་གཏོད་པར་མ་ཟད། ད་དུང་མཚོན་རྟགས་མང་པོ་ཞིག་ཀྱང་གསར་གཏོད་བྱས། མཚོན་རྟགས་དེ་དག་གིས་གསང་དོན་དང་སྒྱུ་རྩལ་ཁྱད་ཆོས་ཀྱིས་འཛམ་གླིང་གི་གནའ་དཔྱད་ཆེད་མཁས་པ་མང་པོ་ཞིག་གི་མཚར་འཛིན་གྱིས་ཕྱུག་པའི་ཡིད་སེམས་བཀུགས། མཚོན་རྟགས་དེ་དག་ནི་བྱ་སྒྲོ་དང་སྤུར་སྐོགས་སོགས་ཡིན་ལ། མཚོན་རྟགས་དེ་དག་གཙོ་བོ་ཆོས་ལུགས་བྱེད་སྒོར་སྤྱོད་པར་མ་ཟད་གནའ་བོའི་ཨེ་ཅིབ་མིས་སྲུང་འཁོར་དུ་བཀོལ་བའི་སྲོལ་ཡང་ཡོད་པ་རེད། ཡོངས་གྲགས་ལྟར་ན། ཨན་ཁཱ་ཡིས་ཚེ་སྲོག་མཚོན་པ་དང་། རྒྱལ་པོ་དང་བཙུན་མོ། ཆོས་ལུགས་མི་སྣ་གྲགས་ཆེན་སོགས་ཀྱིས་ད་གཟོད་ཚེ་སྲོག་གི་མཚོན་རྟགས་དེ་ལུས་ལ་སྲུང་འཁོར་གྱི་ཚུལ་སུ་གྱོན། ཁི་ལའོ་སིའི་མིག་ནི་མཚོན་རྟགས་ནི་བློ་གྲོས་དང་སྲུང་སྐྱོབ། བདེ་ཐང་གི་དོན་དུ་འགྲེལ། གནའ་བོའི་ཨེ་ཅིབ་ཀྱི་མཚོན་རྟགས་མང་པོ་ཞིག་ཆོས་ལུགས་ཀྱི་ཁྱབ་ཁོངས་སུ་བཀོལ་བ་དང་ཁོ་ཚོའི་འདུ་ཤེས་སུ་མཚོན་རྟགས་དེ་དག་ལ་ཡུལ་དུས་ལས་འགོངས་པའི་སྟོབས་ཤུགས་ཁྱད་པར་བ་ལྡན་པ་རེད།
གསུམ། གནའ་བོའི་ཨེ་ཅིབ་ཀྱི་རྣམ་ཤེས་འཕོ་འཇུག་གི་ཤེས་རིག
ཚིག་ཁུངས་རིག་པ་ལྟར་ན་མུའོ་ནེ་ཡེ་(mummy) ནི་ཏ་ཟིག་གི་སྐད་ལས་བྱུང་བར་བཞེད་ཅིང་། སྣུམ་སྙིགས་དང་འཚིག་སྣུམ་གྱི་དོན་དུ་འགྲེལ། དེ་ནི་རྒྱལ་པོ་དང་སྐུ་དྲག་གང་དེ་ཚེ་ལས་འདས་རྗེས་བེམ་པོར་རྫས་སྦྱོར་སོགས་ཀྱིས་ལེགས་པོར་དཀྲིས་ནས་དུར་འཇུག་བྱེད་པ་ཡིན་ལ། གཙོ་བོ་བེམ་པོ་ལ་སྲུང་སྐྱོབ་བྱས་ནས་རུལ་དུ་མི་འཇུག་པའི་སླད་དུ་ཡིན་འདུག ཟུར་གཞན་ཞིག་ནས་གཞིགས་ན། སྲོལ་དེ་སྐབས་ཐོག་དེའི་ཆོས་ལུགས་དད་མོས་དང་འདུ་ཤེས་འཛིན་སྟངས་དང་འབྲེལ་བ་དམ་ཡོད་པ་རེད། ཆེས་ཐོག་མར་དེ་ནི་བེམ་པོའི་ཕྱི་ངོས་ལ་སྲུང་སྐྱོབ་བྱ་ཆེད་ཡིན་པ་དང་། དེའི་མཐུན་གྱི་ལག་རྩལ་སོགས་རིམ་བཞིན་འཕེལ་རྒྱས་ཕྱིན་པ་དང་བསྟུན་ནས་སྲོལ་དེའི་གཞི་རྒྱ་ཇེ་ཆེ་དང་གོ་རིམ་འཐུས་ཚང་དུ་གྱུར། དམངས་སྲོལ་རིག་པ་བས་སྲོལ་དེ་ནི་གནའ་བོའི་ཨེ་ཅིབ་ཀྱི་དུར་འཇུག་རིག་གནས་ཀྱི་རྨང་གཞི་ཡིན་པར་བཞེད། སྐབས་དེའི་བེམ་སྲུང་བ་ལ་ཆེད་ལས་རང་བཞིན་གྱི་མི་སྣ་རིགས་གསུམ་ཡོད་པ་དང་རིགས་ཀྱི་མཐོ་དམའ་ལྟར་དེ་དག་གི་གླ་ཡོན་ཡང་གཅིག་མཚུངས་མིན་པ་རེད། རྗེས་སུ་རིམ་བཞིན་ཚོང་ལས་ཀྱིས་ཤུགས་རྐྱེན་ཐེབས་ཕྱིན་དུར་འཇུག་གི་ཆོ་ག་དེ་ལ་འགྱུར་བ་བྱུང་། མི་སེར་ཁྲོད་ཀྱི་རྒྱུ་འབྱོར་གྱིས་ཕྱུག་པ་དག་གིས་ཀྱང་བེམ་སྲུང་མི་སྣ་གདན་ཞུ་བྱས་ནས་འདས་པོའི་བེམ་པོར་རྫས་སྦྱོར་དང་བཅས་དུར་འཇུག་གི་ཆོ་ག་སྤེལ་ཞིང་། དབུལ་ཕོངས་མི་སེར་རྣམས་ཀྱིས་འབྱོར་འཁོས་དང་བསྟུན་ནས་ས་སྟོང་ལུང་སྟོང་དུ་དུར་འཇུག་གི་ཆོ་ག་སྟབས་བདེ་བྱེད་པའི་སྲོལ་ཡོད་པ་རེད། བེམ་སྐོགས་སྲུང་སྐྱོབ་ཀྱི་སྲོལ་ནི་རྒྱལ་པོ་དང་སྐུ་དྲག ཕྱུག་བདག་སོགས་གཅིག་པུར་བཀོལ་བ་མ་ཡིན་པར། ཞི་ལ་གཙོ་བྱས་པའི་སྲོག་ཆགས་གཞན་དག་ལའང་དེའི་མཐུན་གྱི་དུར་འཇུག་བྱེད་པའི་སྲོལ་ཡོད་པར་བཞེད། དེ་ནི་གནའ་བོའི་ཨེ་ཅིབ་མིས་ཞི་ལ་ནི་བྱམས་བརྩེས་ཕྱུག་པའི་ལྷའི་སྦྲུལ་བ་ཞིག་ཏུ་ངོས་འཛིན་པའི་འདུ་ཤེས་འཛིན་སྟངས་དང་འབྲེལ་བ་ཡོད་པས་ཡིན་སྲིད།
བཞི། གནའ་བོའི་ཨེ་ཅིབ་ཀྱི་སྒྱུ་རྩལ།
ནེ་ལའོ་(Nile)གཙང་པོ་ནི་ཨེ་ཅིབ་མི་དམངས་ཀྱིས་ཚེ་སྲོག་གི་གཙང་པོར་ངོས་འཛིན། གཙང་པོ་འདིའི་འགོ་ཁུངས་ནི་ཨ་ཧྥེ་རི་ཁའི་ཤར་ཕྱོགས་ཀྱི་པའོ་ལོན་ཏི་མཐོ་སྒང་ཡིན་ལ། པུ་རུན་དི་དང་རུ་ཝང་ཏ། ཐན་ཟ་ཉི་ཡ། ཡུ་གེན་ད། སུའུ་དན། ཨེ་ཅིབ་རྒྱལ་ཁབ་སོགས་བརྒྱུད་དེ་མཇུག་མཐར་ས་དབུས་རྒྱ་མཚོར་འདྲེས་པ་རེད། ནེ་ལའོ་གཙང་པོའི་སྤྱིའི་རིང་ཚད་ལ་སྨི་སྟོང་6670ཡོད་པས་འཛམ་གླིང་གི་བཞུར་རྒྱུན་ཆེས་རིང་བའི་གཙང་པོར་གྲགས། ནེ་ལའོ་གཙང་པོ་ནི་ཁ་གེད་ལ་གཙང་པོ་དང་ཉི་ལའོ་གཙང་པོ་དཀར་པོ། ཉི་ལའོ་གཙང་པོ་ལྗང་གུ་བཅས་མཉམ་དུ་འདྲེས་པ་ལས་གྲུབ་ཅིང་། མ་ཡུམ་ལྟ་བུའི་གཙང་པོ་འདིས་ཨེ་ཅིབ་མི་དམངས་ཀྱི་ཚེ་སྲོག་གི་རྒྱུན་བསྐྱངས་ཞིང་ངོ་མཚར་གྱིས་བརྟས་པའི་ཤེས་རིག་མང་པོ་བསྐྲུན་པར་མ་ཟད། སྣ་མང་དཀྱེལ་ཡངས་ཀྱི་རིག་གནས་ཁོར་ཡུག་ཅིག་ཀྱང་བསྐྲུན་པ་ལགས།
གནའ་བོའི་ཨེ་ཅིབ་ཀྱི་གནམ་དཔྱད་རིག་གནས་ནི་ནེ་ལའོ་གཙང་བོ་དང་འབྲེལ་བ་དམ་ཟབ་ལྡན། ཆེས་ཐོག་མར་ཆོས་ལུགས་མི་སྣས་གནམ་དཔྱད་ཞིབ་འཇུག་གི་འགན་ཕྲག་ཏུ་བཞེས་པ་ཡིན་ཏེ། ཁོ་ཚོས་ཉི་མ་དང་ཟླ་བ། སྐར་མ་སོགས་ཀྱི་འགུལ་སྤྱོད་ལ་བརྟག་ནས་ཉི་འཛིན་དང་ཟླ་འཛིན་ལ་སྔོན་དཔོག་བྱས་པ་རེད། དེ་ནས་རིམ་བཞིན་ཐོན་སྐྱེད་འཚོ་བ་དང་འབྲེལ་བའི་རིག་གནས་ཀྱི་མ་ལག་ཅིག་ཏུ་གྲུབ་ཅིང་། གནའ་བོའི་ཨེ་ཅིབ་བ་རྣམས་ཀྱིས་ནེ་ལའོ་གཙང་པོའི་འཕེལ་གྲིབ་ལ་བརྟག་དཔྱད་ཡུན་རིང་བྱས་པའི་རྨང་གཞིའི་ཐོག འཛམ་གླིང་གི་ལུགས་གསར་ལོ་ཐོ་ཆེས་ཐོག་མར་གཏན་ལ་ཕབ། ནེ་ལའོ་གཙང་བོ་མར་འབྲུབ་པ་དང་། ཉི་མ་དང་སྐར་མ་རབ་གསལ་གསུམ་དུས་མཉམ་དུ་བྱུང་བར་བརྟག་ནས་དེ་དག་གི་ཡུན་ཚད་ལོ་གཅིག་སྟེ་ཉིན་365ལ་ལོ་འཁོར་གཅིག་ཏུ་བརྩིས་ཤིང་། ལོ་གཅིག་ལ་ཟླ་བ་12དང་ཟླ་གཅིག་ལ་ཉིན་30དང་། ལྷག་མའི་ཉིན་ལྔ་ནི་དུས་ཆེན་ལ་སྣ་ཚོགས་ལ་གཏན་འཁེལ་བྱས། དུས་མཚུངས་སུ་ལོ་གཅིག་ལ་དུས་ཚིགས་གསུམ་དང་དུས་ཚིགས་རེ་ལ་ཟླ་བཞི་ལ་གཏན་འཁེལ་བྱས་པ་སྟེ། གཙང་བོ་(ནེ་ལའོ་གཙང་བོ།) འབྲུབ་པའི་དུས་ཚིགས་དང་རྨོ་འདེབས་ཀྱི་དུས་ཚིགས། ལོ་བསྡུའི་དུས་ཚིགས་བཅས་གསུམ་མོ།།
གནའ་བོའི་ཨེ་ཅིབ་རྩོམ་རིག་ནི་གནའ་བོའི་ཨེ་ཅིབ་ཀྱི་རིག་གནས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་པར་མ་ཟད། མིའི་རིགས་ཀྱི་སྒྱུ་རྩལ་ལོ་རྒྱུས་སྟེང་གི་ཤུལ་ནོར་གལ་ཆེན་ཞིག་ལའང་ངོས་འཛིན། ད་ལྟ་ཀུན་གྱི་མཐོང་ཡུལ་དུ་མངོན་པའི་གནའ་བོའི་ཨེ་ཅིབ་ཀྱི་རྩོམ་རིག་བརྩམས་ཆོས་མང་པོ་ཞིག་ནི་བྲན་གཡོག་ལམ་ལུགས་ཀྱི་སྤྱི་ཚོགས་སུ་བྱུང་བའི་བརྩམས་ཆོས་ཡིན་ཞིང། བརྩམས་ཆོས་ལ་གཙོ་བོ་སྙན་ངག་དང་གཏམ་རྒྱུད། བསླབ་བྱ་སོགས་འདུས། གནའ་བོའི་ཨེ་ཅིབ་རྩོམ་རིག་ལ་གཙོ་བོ་རྣམ་པ་གཉིས་ཡོད་དེ། གཅིག་ནི་གཏོར་གཟུགས་མཆོད་རྟེན་སྟེང་གི་བསྔོ་ཡིག་དང་། གཅིག་ཤོས་ནི་སྲིད་བློན་དག་གི་བང་སོའི་མདུན་གྱི་རྡོ་རིང་ཡི་གེ་ཡིན་པ་རེད། གཞན་ད་དུང་དམངས་རྩོམ་མང་པོ་ཞིག་ཀྱང་ཉག་ཚགས་བྱས་ཡོད་དེ། དཔེར་ན《ཞིང་བའི་གླུ་གཞས།》སོགས་ལས་སྐབས་ཐོག་དེའི་ངལ་རྩོལ་མི་དམངས་ཀྱི་སེམས་འདུན་དང་གྲལ་རིམ་བར་གྱི་འགལ་ཟླ་མཚོན། གནའ་བོའི་ཨེ་ཅིབ་ཀྱི་སྙན་ངག་གིས་ཚིག་གི་སྡེབ་སྦྱོར་ལ་དང་དོད་ཆེན་པོ་བྱེད་པས་ཚིག་ཉུང་དོན་འདུས་ཀྱི་ཁྱད་ཆོས་ལྡན་ཞིང་། ཚིག་ཕྲེང་གསུམ་དང་བཞིས་ལེའུ་གཅིག་མཚོན་པར་བྱེད་པའི་རྩོམ་སྲོལ་ཡོད་པར་བཞེད་ཅིང་། ལྷུག་རྩོམ་མང་ཆེ་བའི་བརྗོད་དོན་ནི་བསླབ་བྱ་དང་ལེགས་བཤད་ཡིན་པ་རེད། ནེ་ལའོ་གཙང་བོ་ནི་གནའ་བོའི་ཨེ་ཅིབ་རྩོམ་རིག་གི་བརྗོད་བྱ་གཙོ་བོ་ཞིག་ཡིན་ལ། ལེའུ་བཅུ་བཞིའི་བདག་ཉིད་དུ་གྲུབ་པའི་《ནེ་ལའོ་གཙང་བོར་བསྔགས་པ།》ནི་སྤྱི་ལོ་སྔོན་གྱི་དུས་རབས་13ནང་བརྩམས་པར་གྲགས། གཞན་བླ་དད་རིག་གནས་བརྗོད་སྙིང་ཡིན་པའི་ཆོས་ལུགས་བརྩམས་ཆོས་མང་པོ་ཞིག་ཀྱང་ད་ལྟའི་ཆར་མཐོང་ཐུབ་སྟེ། བརྩམས་ཆོས་དེ་དག་གི་རྗོད་བྱེད་ཀྱི་ཚིག་ལ་བརྗིད་ཉམས་དོད་ཅིང་ཚགས་དམ་པ། ཕལ་སྐད་ཀྱི་སླད་མ་འདྲེས་པའི་ཁྱད་ཆོས་ལྡན། དཔེར་ན་ལེའུ་ཉེར་ལྔ་ཅན་གྱི་《རྣམ་ཤེས་ཀྱི་བསྟན་བཅོས།》ལས་གནའ་བོའི་ཨེ་ཅིབ་མིའི་ཉི་མའི་དད་མོས་མཚོན། གཞན་ད་དུང་བྱུང་རིམ་གསོན་ཉམས་ལྡན་ཞིང་ལོ་རྒྱུས་ཀྱི་རྒྱབ་ལྗོངས་ངེས་ཅན་མཚོན་པའི་གཏམ་རྒྱུད་ཀྱང་མང་སྟེ། དཔེར་ན་《སྤུན་ཟླ་གཉིས་ཀྱི་གཏམ་རྒྱུད།》དང་《རྒྱལ་སྲས་ལས་ངན།》《ཡོའུ་པ་གྲོང་བདག་ཏུ་བཟུང་བ།》སོགས་ཀྱིས་འཐུས་སོ།།