( དེབ་གོང་མའི་འཕྲོར་མཐུད། )
མཛད་ཆེན་རྣམ་ལྔའི་ཕྲིན་ལས་བསྐྱངས། །
ཕྱི་དགྲ་འདུལ་བའི་དམག་བཀོད་དང་། །
ནང་འཁོར་སྲུང་བའི་སོ་མཁར་བཙུགས། །
ཞལ་ལྕེ་བཅུ་དྲུག་གཏན་ལ་ཕབས། །
གཙང་པ་རྒྱལ་པོའི་མཛད་ཆེན་རྣམ་ལྔ། གཙང་པ་རྒྱལ་པོས་སྲིད་བསྐྱངས་བའི་སྐབས་ཀྱི་བོད་འབངས་རྣམས་ལ་ཕན་བདེའི་མཛད་རྗེས་གཙོ་བོ་རྣམས་ཕྱོགས་བསྡོམས་བྱས་པར། 《གཙང་པའི་རྒྱལ་རབས།》ལས།
སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེའི་ཞབས་ནས་འདེགས་པ་དང༌། ཆོས་བཞིན་སྐྱོང་བའི་རྒྱལ་པོའི་ལུགས་བཟུང་བའི་ཕྱིར་བན་སེར་མོའི་ཕྱག་མི་བཞེས་ཤིང༌། གྲུབ་མཐའ་རིས་མེད་ཀྱི་བན་ཁྲི་ཚོ་མང་པོ་རྒྱལ་ཁབ་བསམ་འགྲུབ་རྩེར་གདན་དྲངས་ནས་སེར་ཚོགས་ཚར་གསུམ་ལ་མང་ཇ་གདན་ནོན་གྱི་ཞབས་ཏོག་གསེར་དངུལ། རིན་པོ་ཆེ། རྒྱན་ཆས། གོས་དར། རྟ་ཁྲབ། ལྕགས། བུ་རམ། བལ། ཚོས། བཙོད། ཚྭ། ནས་སོགས་འདོད་དགུའི་ལོངས་སྤྱོད་ཐམས་ཅད་སྤུངས་ཏེ་འགྱེད་ཆེན་གནང་བས་དགེ་འདུན་རེ་ལ་ལོ་རེའི་རྒྱགས་གོས་ཀྱིས་འཚོ་བར་མཛད་པ་དང་གཅིག །
མངའ་འབངས་ཐམས་ཅད་ཀྱི་བདེ་སྐྱིད་དང་གཉོམ་ཅུང་ཉམ་ཐག་པ་ལ་ཕ་མ་ལྟར་བརྩེ་བར་དགོངས་ཏེ་བོད་ཁྲིམས་བར་དུ་ལད་པ་རྣམས་གསོར་འཇུག་ཕྱིར་བཀའ་ཁྲིམས་ཀྱི་གའུ་ལེ་ཆེན་མོ་བསྒྲིགས་པ་གནང་ནས་མངའ་འབངས་ཐམས་ཅད་ཞོ་ལ་སྤྲིས་མ་ཆགས་པ་ལྟར་ཞོད་འཇགས་ཤིང་ཉིན་མཚན་གྱི་གཉིད་གོ་མ་ལོག་པར་ཉལ་ཆོག་པ་དང་གཉིས། །
མངའ་འབངས་ཁྲལ་མི་རྣམས་ངལ་གསོ་ཞིང་སྐྱིད་པ་ལ་སྐྱིད་པ་ངོ་ཤེས་པའི་ཕྱིར་བརྒྱ་ཚོ་རེར་ལོ་ལོ་བཞིན་ལོ་རེས་སྐོར་གྱི་རྐང་འགྲོ་ལག་འདོན་གྱི་ཁྲལ་རིགས་རྣམས་བཅག་པའི་དར་རྒན་གྱི་ལུང་གནང་སྟེ་ལོ་འཁོར་རེར་རྒྱལ་ཁམས་ཐམས་ཅད་སྐྱིད་སྡུག་ཚར་རེ་སྙོམས་པར་གནང་བ་དང་གསུམ། །
མི་འཇིགས་པ་སྐྱབས་ཀྱི་སྦྱིན་པས་སེམས་ཅན་བདག་མེད་ཤ་རུས་པགས་པའི་ཕྱིར་སྲོག་གི་ཉེན་པ་རྣམས་སྐྱོབ་པ་དང་བདེ་བར་འདུག་པའི་ཕྱིར་ཆོ་འཕྲུལ་དུས་ཆེན་ནས་ཟླ་བ་བཅུའི་བར་རི་རྒྱ་ཀླུང་རྒྱ་བསྡོམས་པར་གནང་བ་དང་བཞི། །
ར་སའི་འཕྲུལ་སྣང་གི་གཙུག་ལག་ཁང་ཆེན་པོར་ཇོ་ཤཱཀྱ་ཡིད་བཞིན་ནོར་བུ་ལ་ཐག་རིང་མཐའ་འཁོབ་ནས་མཎྜལ་ན་བཟའ་འབུལ་བ་དང༌། ཕ་མ་དྲིན་ཆེན་གྱི་རུས་པ་སྐྱེལ་བ། ཐོད་པ་གཏུགས་ནས་སྨོན་ལམ་རྒྱག་པ། གྲུབ་མཐའ་རིས་མེད་ཀྱི་ཆོས་ཀྱི་སྡེ་རྣམས་སུ་འབུལ་སྐྱེལ་སོགས་དགེ་རྒྱུན་གསེར་ཟམ་གྱི་བདེ་ཐབས་ཀྱི་ཕྱིར། བྱང་རུ་རིགས་ཀྱི་ཁྲིམས་ཁ་བསྡམས་པར་མཛད་ནས་བཟང་འགྲུལ་མཐའ་འཁོབ་པ་སྤྲིན་པ་དཀར་པོ་ལ་ཚད་བཙུགས། གངས་དཀར་པོ་ལ་སྣེ་གཏད། ས་ནག་འདོམ་དུ་བཅལ་ནས་ཉམ་ཐག་ཅིང་ག་ཆད་པ་རྣམས་རྟ་ཆད་བྱང་ཁམས་སུ་གསོ་ཆོག་པ་དང༌། མི་ཆད་ལྟོགས་འཁྱགས་ཀྱིས་བཙེས་པ་རྣམས་ལ་གྲོ་ཁ་བྱང་རུ་རིགས་ནས་གཡག་ལུགདབུས་ཀྱི་རྫོང་གཞིས་ནས་རྩམ་སྲན། གོས་རྒྱུའི་སྣམ་ཕྲུག་གནང་སྟེ་བྱམས་བརྩེའི་བཀའ་དྲིན་གྱིས་བསྐྱངས་ཏེ་རང་རང་འདོད་པའི་བགྱིད་པ་རྣམས་བསྒྲུབས་ཏེ་རང་རང་གི་ཡུལ་དུ་བདེ་བར་ལོག་ཆོག་པ། རྒྱ་ནག་པོའི་བྱང་སྒོ་སོག་ཡུལ་ནས་དབུས་གཙང་གི་བར་རྒན་མོ་གསེར་འཁུར་ལྟ་བུའི་དུས་བདེ་བར་མཛད་པ་དང་ལྔ་བཅས་ཡིན། །
དམག་དོན་གྱི་སྐོར་ལ། གཙང་པ་རྒྱལ་པོའི་ཁྲིམས་ཡིག་ཞལ་ལྕེ་བཅུ་དྲུག་པ། དཔའ་བོ་སྟག་གི་ཞལ་ལྕེ་ཞེས་པ་དེ་དམག་དོན་སྐོར་གྱི་ཁྲིམས་ཡིག་ཞིག་ཡིན་པར་མ་ཟད། གཙང་པ་རྒྱལ་པོའི་ཁྲིམས་ཡིག་ནང་དུ། དམག་དཔུང་རྣམས་ལ་གཡས་རུ། གཡོན་རུ། དབུས་རུ་གསུམ་བྱས། དེ་ལའང་རུ་དཔོན། བརྒྱ་དཔོན། བཅུ་དཔོན་བསྐོས། ཞེས་སོགས་དང༌། དམག་འདི་ལ་མེད་དུ་མི་རུང་བའི་མི་བཞི་དགོས་ཏེ། ན་བ་གསོ་བའི་སྨན་པ། ལེགས་ཉེས་སྟོན་པའི་མོ་མ། དགྲ་གྲོགས་བརྩི་བའི་གཡུལ་རྒྱལ། དགྲ་ལྷ་གསོལ་བའི་ཐུགས་དཀར་དང་བཞིའོ། ཞེས་དང༌། དོན་དེ་སེམས་ལ་བཟུང་ནས་རང་རང་གི་སྲོག་འཚོ་བའི་རྟ་ཕོ། མགོ་ཕིབས་ཀྱི་གུར། སྲོག་ཁེབས་ཀྱི་ཁྲབ། འཆོར་སྐྱོར་གི་ལུས་ཆས་རྣམས་ལ་ཁྲལ་འཇལ་དུ་མ་སོང་བ་དང་དོད་ཆེ་བར་བྱེད། ཅེས་སོགས་འབྱུང་བ་ལྟར་དམག་དོན་སྐོར་ལའང་སྔ་དང་མི་འདྲ་བའི་དོན་སྣང་བྱུང་ཡོད་འདུག།
ནང་གི་སོ་སྲུང་སྐོར། གོང་དུ་བསྟན་པ་ལྟར། ཕྱོགས་བཞིའི་མཐའ་སྲུངས་ཀྱི་ལས་ཀ་བྱེད་པའི་སྡེ་ཚན་ལ་མི་འགྱུར་པའི་རྫོང་བཞིར་གྲགས་པ། ཤར་མི་འགྱུར་བ་འོལ་དགའ་སྟག་རྩེ་རྫོང༌། དྭགས་ཀོང་གི་ཁ་གནོན་དུ་བཙུགས། ལྷོ་མི་འགྱུར་བ་དོ་བོ་རྫོང༌། ཀློ་མོན་གྱི་ཁ་གནོན་དུ་བཙུགས། ནུབ་མི་འགྱུར་པ་རྣམ་རྒྱལ་ལྷ་རྩེ་རྫོང༌། བལ་པོ་དང་རྒྱ་གར་གྱི་ཁ་གནོན་དུ་བཙུགས། བྱང་མི་འགྱུར་བ་གསང་སྔགས་བདེ་ཆེན་རྫོང༌། ཧོར་སོག་གི་ཁ་གནོན་དུ་བཙུགས་པ་བཅས་མཐའ་ཁུལ་བརྟན་སྲུང་དང༌། དུས་ཟིང་ཞོད་འཇགས་ཀྱི་ལས་ལ་ཐུགས་ཁུར་ཆེན་པོ་གནང༌། །
རྩ་ཁྲིམས་ཀྱི་སྐོར་ལ། གཙང་པ་རྒྱལ་པོས་སྲིད་དབང་སྐྱོང་བ་དང་དུས་མཚུངས་སུ་ཁྲིམས་ཡིག་ཞལ་ལྕེ་བཅུ་དྲུག་གཏན་འབེབས་གནང་ཡོད་པ་འདི་ནི། ལོ་ངོ་ཉི་ཤུ་ལྷག་ཙམ་གྱི་དུས་ཡུན་ཐུང་ངུའི་ནང་དུ་ཁོང་གིས་ཆབ་སྲིད་སྐྱོང་ཚུལ་ལ་ཞིབ་འཇུག་བྱེད་པར་བརྒྱ་གོ་གཅིག་ཆོད་ཀྱི་དཔྱད་གཞིའི་ཡིག་ཆ་ཞིག་ཏུ་ངེས་པ་དང༌། འདི་ལ་བརྟེན་ནས་ཁོང་གི་མཁྱེན་པའི་ཡོན་ཏན་དང་སྒམ་པོའི་ཐུགས་རྒྱ་སོགས་དཔོག་ནུས། །
དང་པོ། དཔའ་བོ་སྟག་གི་ཞལ་ལྕེ། གཉིས་པ། སྡར་མ་ཝའི་ཞལ་ལྕེ། གསུམ་པ། རྒྱལ་པོ་མེ་ལོང་གདོང་གི་ཞལ་ལྕེའམ་སྣེ་མོ་ལས་འཛིན་གྱི་ཞལ་ལྕེ། བཞི་པ། ཞུ་བཞེས་བདེན་རྫུན་གྱི་ཞལ་ལྕེ། ལྔ་པ། བཟུང་བཀྱིགས་ཁྲིམས་རའི་ཞལ་ལྕེ། དྲུག་པ། ནག་ཆེན་ཁྲག་སྦྱོར་གྱི་ཞལ་ལྕེ། བདུན་པ། དྲན་འཛིན་ཆད་ལས་ཀྱི་ཞལ་ལྕེ། བརྒྱད་པ། ཧོར་འདྲ་ཟ་རྐང་གི་ཞལ་ལྕེ། དགུ་པ། བསད་པ་སྟོང་གི་ཞལ་ལྕེ་དང༌། བཅུ་པ། རྨས་པ་ཁྲག་གི་ཞལ་ལྕེ། བཅུ་གཅིག་པ། བསྙོན་ཧམ་མནའ་དག་གི་ཞལ་ལྕེ། བཅུ་གཉིས། པ་བརྐུས་པ་འཇལ་གྱི་ཞལ་ལྕེ། བཅུ་གསུམ་པ། ཉེ་འབྲེལ་འབྲལ་སྡུམ་གྱི་ཞལ་ལྕེ། བཅུ་བཞི་པ། བྱི་བྱས་བྱི་རིན་གྱི་ཞལ་ལྕེ། བཅོ་ལྔ་པ། ནམ་ཕར་ཚུར་གྱི་ཞལ་ལྕེ། བཅུ་དྲུག་པ། ཀླ་ཀློ་མཐའ་འཁོབ་ཀྱི་ཞལ་ལྕེ། བཅས་ཁྲིམས་ཡིག་དོན་ཚན་བཅུ་དྲུག་གཏན་འབེབས་གནང་ཡོད་པ་རེད། །
འབྲུག་པ་ངག་དབང་རྣམ་རྒྱལ་གྱིས། །
མོན་ཡུལ་བཀའ་བརྒྱུད་བསྟན་པ་སྤེལ། །
ཆོས་སྲིད་ཟུང་ལ་དབང་བསྒྱུར་བས། །
མོན་པར་འབྲུག་གི་རྒྱལ་ཁབ་གྲགས། །
ལྷོ་མོན་གྱི་ཡུལ་ལ་འབྲུག་ཡུལ་ཞེས་པའི་མིང་བྱུང་ཚུལ་དང་། འབྲུག་པ་རྒྱལ་ཁབ་བྱུང་ཚུལ། མདོར་བསྡུས་ན། ལྷོ་ཕྱོགས་ཡུལ་ཚོ་པ་ཁག་རྣམས་འབྲུག་པ་བཀའ་བརྒྱུད་ཀྱི་བླ་མས་གཅིག་གྱུར་ཏེ་བོད་ལས་ཟུར་དུ་སྲིད་གཞུང་བཙུགས་པ་ལ་འབྲུག་པ་རྒྱལ་ཁབ་ཅེས་པ་དེ་བྱུང་། འབྲུག་པ་པད་དཀར་གྱི་ཡང་སྲིད་གཉིས་པ་འབྲུག་ཞབས་དྲུང་ངག་དབང་རྣམ་རྒྱལ་ནི་རབ་བྱུང་བཅུ་པའི་ཤིང་རྟ་སྤྱི་ལོ་1594ལོར་འཁྲུངས། ཐོག་མར་ཡང་སྲིད་གཉིས་ཀ་གསང་སྔགས་ཆོས་གླིང་གི་གདན་སར་བཀོད་ཀྱང་རེ་ཞིག་ན་བླ་མ་གཉིས་ཀྱི་སྐུ་འཁོར་ཞབས་ཕྱི་རྣམས་མ་མཐུན་པའི་རྐྱེན་གྱིས་ཞབས་དྲུང་ངག་དབང་རྣམ་རྒྱལ་འབྲུག་ར་ལུང་དུ་ཕེབས་ནས་བཞུགས།དེ་ནས་དཔལ་ལྡན་ལྷ་མོས་ལྷོ་མོན་གྱི་ཡུལ་དུ་ཕེབས་ན་འགྲོ་དོན་འཕེལ་བའི་ལུང་བསྟན་པ་ལྟར་སྤྱི་ལོ་1616ལོར་ལྷོ་མོན་ཡུལ་དུ་ཕེབས།སྐབས་དེར་ལྷོན་མོན་གྱི་ནུབ་ཕྱོགས་སུ་འབྲུག་པ་བཀའ་བརྒྱུད་ཀྱི་ཆོས་ཅུང་ཟད་དར་ཡོད་པ་ལས། ཡུལ་སྤྱི་ལ་ཆོས་དང་རིག་གནས་དར་སྲོལ་ཧ་ཅང་ཆུང་བའི་མཐའ་འཁོབ་གྱི་ཡུལ་གྲུ་ལྟ་བུ་ཞིག་ཆགས་ཡོད་པ་རེད། རབ་བྱུང་བཅུ་པའི་ས་ལུག་སྤྱི་ལོ་1619ལོར་འབྲུག་ཐིམ་ཕུ་དགོན་པ་བཏབས། དེ་ནས་འཁོར་སློབ་མང་པོ་འདུས་སྟབས་རབ་བྱུང་བཅུ་གཅིག་པའི་ས་སྦྲུལ་སྤྱི་ལོ་1629ལོར་དབང་འདུས་ཕོ་བྲང་བཞེངས། ལྷོ་མོན་གྱི་ཡུལ་གྲུ་ཕལ་ཆེར་བཀའ་དབང་དུ་འདུས། ལྷོ་མོན་ཡུལ་གྱི་ཚོས་སྲིད་གཉིས་ཀྱི་བདག་པོ་ཞབས་དྲུང་ངག་དབང་རྣམ་རྒྱལ་གྱུར་ཏེ། ཆོས་ལ་འབྲུག་པ་བཀའ་བརྒྱུད་དང༌། དཔོན་ལ་འབྲུག་པའི་བླ་མ་བྱུང་སྟབས་རིམ་བཞིན་དབུས་གཙང་ལྷོ་མོན་ཀུན་གྱི་མི་རྣམས་ཀྱིས་མོན་ཡུལ་ལ་འབྲུག་ཡུལ་ཞེས་འབོད་སྲོལ་དེ་བྱུང༌། རྗེས་སུ་འབྲུག་པ་རང་བཙན་རྒྱལ་ཁབ་ཆགས་ནས་འབྲུག་པ་རྒྱལ་ཁབ་ཅེས་པ་འདི་བྱུང་ཡོད། འབྲུག་པ་བཀའ་བརྒྱུད་ཀྱི་བླ་མ་རྣམས་ཀྱིས་ཆོས་རྟགས་སུ་འབྲུག་རིས་སྤྱོད་སྲོལ་ཡོད་པ་ལྟར། འབྲུག་རྒྱལ་ཁབ་ཀྱི་དར་ཆ་ཡང་འབྲུག་རིས་ཅན་འདི་བྱུང་བ་རེད། ཞབས་དྲུང་ངག་དབང་རྣམ་རྒྱལ་གྱིས་ལྷོ་འབྲུག་གི་ཡུལ་དུ་དགོན་པ་གཙོ་བོ་བཞི་བཏབས་ཡོད་པ་ནི། འབྲུག་ཐིམ་ཕུན་དགོན་དང༌། པུ་ན་ཁ། ཀྲོང་པ་དགོན། དབང་འདུས་ཕོ་བྲང་བཅས་སོ། འབྲུག་པ་བཀའ་བརྒྱུད་ཅེས་པའི་མིང་དེ་སྤྱི་ལོ་1205ལོར་གཙང་པ་རྒྱ་རས་ཀྱི་འབྲུག་སེ་བ་བྱང་ཆུབ་གླིང་བཏབས་ནས་དེར་གདན་ས་བྱས་པའི་རྗེས་སུ་བྱུང་ཞིང༌། ལྷོ་མོན་གྱི་ཡུལ་ལ་འབྲུག་ཡུལ་ཞེས་པའི་མིང་དེ་སྤྱི་ལོ་1619ལོར་འབྲུག་པ་ཞབས་དྲུང་ངག་དབང་རྣམ་རྒྱལ་གྱིས་མོན་ཐིམ་ཕུ་དགོན་པ་བཏབས་རྗེས་སུ་བྱུང་ཡོད་པ་བོད་ཀྱི་ལོ་རྒྱུས་ཡིག་ཆ་ཐམས་ཅད་ནང་རྩོད་མེད་ཡོངས་གྲགས་ཀྱི་གནད་དོན་ཞིག་རེད། །
ལ་དྭགས་སེང་གེ་རྣམ་རྒྱལ་གྱིས། །
སྔ་ཕྱིར་རུ་ཐོག་ཐེངས་འགར་བཅོམ། །
ས་སྦྲུལ་ལ་དྭགས་དམག་དཔུང་གིས། །
གུ་གེ་རྒྱལ་པོ་བཙོན་དུ་བཟུང་། །
དེ་རྗེས་ལ་དམག་དབུས་སུ་དྲངས། །
གཙང་པ་རྒྱལ་པོས་མཛའ་མཐུན་གནང་། །
ས་ཡོས་གུ་གེའི་ཡུལ་དམག་གིས། །
མྱང་རྫོང་ཕབ་ཅིང་བཙོན་པ་བཏོན། །
སྤྱི་ལོའི་དུས་རབས་བཅུ་བདུན་པའི་དུས་སྟོད་ནས་ལ་དྭགས་རྒྱལ་པོ་སེང་གེ་རྣམ་རྒྱལ་ཁྲིར་འཁོད་རྗེས་མངའ་རིས་སྤྱི་དང་། རུ་ཐོག་ནང་བཙན་འཛུལ་ཐེངས་འགའ་བྱས་པར་བརྟེན་གཏོར་བཅོམ་ཤུགས་ཆེན་བྱས་ཡོད། སྤྱི་ལོ་1622པའི་ཆུ་ཁྱི་ལོར་གུ་གེ་དང་། རུ་ཐོག པུ་རིག ཟངས་དཀར། ཉན་གོང་སོགས་ཀྱི་བར་སྡེ་འཁྲུགས་མང་པོར་ལངས། དུས་དེར་བླ་མ་སྟག་ཚང་རས་པས་བར་འདུམ་མཛད་ནས་འཁྲུག་རྩོད་རེ་ཞིག་ཞི། སྤྱི་ལོ་1629པའི་ས་སྦྲུལ་ལོར་ལ་དྭགས་རྒྱལ་པོ་སེང་གེ་རྣམ་རྒྱལ་གྱིས་མངའ་རིས་གུ་གེ་ཕྱི་འབྲོག་ལ་དམག་དྲངས་ཏེ་ཏི་སེའི་བྱང་རྒྱབ་ཚུན་ཆོད་དང་། གུ་གེ་བཅས་ལ་སྔ་རྗེས་སུ་དམག་དྲངས་ནས་གུ་གེའི་མཁར་རྫོང་གཏོར། གུ་གེ་བདག་པོ་བཀྲ་ཤིས་གྲགས་པ་དང་། བཙུན་མོ། རྒྱལ་པོའི་ཞང་པོ་ཐོ་ལིང་མཁན་པོ་བློ་བཟང་ཡེ་ཤེས་རྣམས་ལ་དྭགས་སུ་ཁྲིད་ནས་བཙོན་དུ་བཅུག གུ་གེའི་བདག་པོ་ཇོ་བོ་དང་། རུ་ཐོག་བདག་པོ་ཨང་པ་གཉིས་ཕབ་ནས་དབང་དུ་བསྡུས། ཡུལ་མི་མང་པོ་བཙོན་དུ་བཟུང་། རྟ་གཡག་ར་ལུགས་སོགས་ནོར་རིགས་རྣམས་ལ་དྭགས་སུ་དེད་ནས་ལ་དྭགས་ཐམས་ཅད་གཡག་ལུག་གིས་ཁེངས་ཟེར་བ་བྱུང་། དེ་བཞིན་མངའ་རིས་ཀྱི་གཡུ་བྱུར་གཟི་གསུམ་དང་། གསེར་དངུལ་དར་གསུམ་སོགས་རིན་པོ་ཆེའི་རིགས་སྣ་ཚོགས་གྲངས་ལས་འདས་པ་བཅོམ་འཕྲོག་བྱས་ཏེ་ལ་དྭགས་སུ་ཁྱེར། དེའི་རྗེས་སུ་ལ་དྭགས་ཀྱི་དམག་དཔུང་བོད་ཡུལ་དབུས་སུ་དཔུང་འཇུག་བྱས་པར། གཙང་པ་རྒྱལ་པོས་གསེར་དངུལ་ཇ་སོགས་དྲེལ་རྒྱབ་མང་པོ་ཕུལ་བས། ལ་དྭགས་རྒྱལ་པོ་ཐུགས་དགྱེས་ནས་དམག་ཕྱིར་འཐེན་བྱས། །
སྤྱི་ལོ་1639པའི་ས་ཡོས་ལོར་གུ་གེའི་ཡུལ་དམག་གིས་མྱང་པོ་རི་རྫོང་བསྐོར། མི་རྒྱུ་ནོར་གསུམ་བཀག་ཉར་བྱས་པར་བླ་མ་སྟག་ཚང་པས་བར་འདུམ་བྱས་ཏེ། སྔར་ལ་དྭགས་དམག་གིས་འཛིན་བཟུང་བྱས་པའི་གུ་གེའི་བཙོན་པ་རྣམས་ལ་དྭགས་དང་། རུ་ཐོག་ཏུ་བཙོན་འཇུག་བྱས་པ་རྣམས་ཕྱིར་བཏོང་བས་མཁར་རྫོང་དང་བརྗེ་ལེན་བྱས། །
ཤིང་ཁྱི་བསོད་ནམས་རབ་བརྟན་གྱིས། །
གཙང་རྒོལ་ཕྱིར་དུ་སོག་དམག་ལ། །
ལྐོག་འབྲེལ་ཆེད་དུ་བང་མི་བཏང་། །
དེ་རྗེས་གཙང་སྲིད་དར་རྒྱས་ཕྱིན་ཏེ་སོག་པོ་ཚོ་ཆེན་ཞེ་དགུའི་ཁོངས་གཏོགས་ཆ་ཧར་གྱི་ལེན་ཏན་རྒྱལ་པོ་དང༌། ཁམས་ཕྱོགས་ཀྱི་བེ་རི་དོན་ཡོད་རྡོ་རྗེ་སོགས་སྐབས་དེར་སྟོབས་རྩལ་དང་དམག་ཤུགས་ཅུང་ཟད་ཆེ་བའི་དཔོན་རིགས་རྣམས་དང་འབྲེལ་བ་ཟབ་པོ་བྱུང་ཞིང་དེ་དག་གིས་ཀྱང་བརྩི་བཀུར་ཐོབ་པར་བརྟེན། དུས་དེར་དབུས་ཕྱོགས་སུ་བེ་རི་རྒྱལ་པོའི་དམག་དཔུང་ལྷ་སར་ཡོང་བའི་བཤད་ཡམས་ཤིག་ཁྱབ་རྗེས། སྤྱི་ལོ་1634པའི་ཤིང་ཁྱི་ལོར་ཕྱག་མཛོད་བསོད་ནམས་རབ་བརྟན་དང་། སྐྱིད་ཤོད་སྡེ་པ་མཚོ་སྐྱེས་རྡོ་རྗེ་གཉིས་ཀྱིས་འབྲས་སྤུངས་པའི་གྲྭ་པ་འགའ་རུ་ལོ་ཙཱ་བ་སྣ་ཆེ་དང༌། སེམས་ཉིད་ཁ་ཆེ་ཟེར་བ་གཉིས་ལྐོག་ཏུ་བཏང་ནས་སོག་པོ་གུ་ཤྲི་ཧན་ལ་དམག་རོགས་ཡོང་རྒྱུའི་རེ་བ་ཞུས། །
ཤིང་ཕག་སོག་པོ་ཨར་ས་ལང་། །
གུ་ཤྲི་ཧན་དང་མནའ་འབྲེལ་བྱས། །
མེ་གླང་གུ་ཤྲིའི་དམག་དཔུང་གིས། །
ཆ་ཧར་ཕབ་ཅིང་མཚོ་སྔོན་བཟུང་། །
སྤྱི་ལོ་1635པའི་ཤིང་ཕག་ལོར་སོག་པོ་ཆ་ཧར་ལེན་ཏན་རྒྱལ་པོའི་སྲས་ཨར་ས་ལང་དཔོན་དམག་མང་པོ་དང་བཅས་གཙང་པ་རྒྱལ་པོ་དང་འཇལ་འཕྲད་བྱེད་པའི་ཆེད་དུ་བོད་དུ་བསྐྱོད་པའི་གནས་ཚུལ་དེ་སོག་པོ་གུ་ཤྲི་ཧན་གྱིས་ཐོས་འཕྲལ། དཔོན་གཡོག་ཉུང་ཤས་དང་བཅས་བོད་དུ་ཡོང་བའི་ལམ་བར་ཨར་ས་ལང་དང་འཕྲད་པར་བྱས་ཏེ་རྒྱལ་དབང་ལྔ་པ་ཆེན་པོ་དང་ཕྱག་མཛོད་བསོད་ནམས་རབ་བརྟན་རྣམས་ཀྱི་ཕྱོགས་ལ་རྒྱབ་སྐྱོར་དགོས་ཚུལ་གྲོས་མོལ་བྱས་མཐར། ཨར་ས་ལང་ལྷ་སར་སླེབས་པ་དང་རྒྱལ་དབང་ལྔ་པ་ཆེན་པོ་ལ་མཇལ་ཁ་ཞུས། ཕྱག་མཛོད་བསོད་ནམས་རབ་བརྟན་ལ་རྒྱབ་སྐྱོར་བྱས་ཏེ་གཙང་པ་རྒྱལ་པོ་དང་མཇལ་འཕྲད་བྱེད་རྒྱུའི་འཆར་གཞི་རྩིས་མེད་དུ་བྱས། གནད་དོན་དེ་ཡབ་ཆ་ཧར་ལེན་ཏན་རྒྱལ་པོས་ཤེས་རྗེས་ཐུགས་ཁྲོ་ཆེན་པོ་བཞེངས་ཏེ་ཆེད་མངགས་མི་སྣ་བཏང་ནས་སྤྱི་ལོ་1636པའི་མེ་བྱི་ལོར་ཨར་ས་ལང་དང་དཔུང་རོགས་མི་གསུམ་བཀྲོངས་སྐད། སྤྱི་ལོ་1637པའི་མེ་གླང་ལོར་གུ་ཤྲི་ཧན་དང༌། ཧུང་ཐའི་ཇི་མཉམ་འབྲེལ་གྱིས་དམག་དཔུང་ཁྲི་ཙམ་ཁྲིད་དེ་ཆ་ཧར་གྱི་ཆོག་ཐུ་རྒྱལ་པོར་ཕར་རྒོལ་བྱས་ནས་མངའ་འོག་ཏུ་བཅུག མཚོ་སྔོན་གྱི་ས་ཆ་ཡོངས་ལ་རིམ་བཞིན་དཔུང་འཇུག་བྱས། ལོ་དེའི་སྟོན་ཀ་གུ་ཤྲི་ཧན་དཔོན་འཁོར་ཉང་བསྡུས་ཤིག་ཐོང་འགྲུལ་གྱི་ཟོལ་ལ་བརྟེན་ནས་ལྷ་སར་བྱོར། རྒྱལ་མཆོག་ལྔ་པ་ཆེན་པོས་བསུ་བ་དང་སྣེ་ལེན་གཟབ་རྒྱས་གནང་སྟེ། བསྟན་འཛིན་ཆོས་རྒྱལ་ཞེས་པའི་མཚན་དང་དམ་ཁ་གནང་བ་རྣམས་བཞེས་ཏེ་ཕྱིར་མཚོ་སྔོན་དུ་ལོག །
ས་ཡོས་སོག་དམག་ཁམས་ཕྱོགས་འབྱོར། །
སྡེ་དགེ་བྱམས་པ་ཕུན་ཚོགས་ཀྱིས། །
གླིང་ས་བཅོམ་པའི་སྐབས་དང་འཁེལ། །
སྡེ་སོག་མཐུན་འབྲེལ་དམག་དཔུང་གིས། །
བེ་རུ་བཅོམ་ཤུལ་སྡེ་དགེར་ཐོབ། །
སྤྱི་ལོ་1630ལོའི་ཡས་མས་ཙམ་ནས་གླིང་འགུ་ཟི་རྒྱལ་པོའི་མངའ་འོག་གི་སྡེ་དགེའི་བླ་ཆེན་བྱམས་པ་ཕུན་ཚོགས་ཀྱིས་གླིང་གི་སྟོབས་ཤུགས་ཉམས་དམན་པའི་སྐབས་དང་བསྟུན་ནས་རྨེ་ཤོད་དང་། ལྕགས་ར། སྤེ་ཝར། ཀུ་སེ། ཉག་གཤིས། མཁར་མདོ་སོགས་འབྲི་ཆུའི་ཤར་ནུབ་ཀྱི་ཚོ་པ་རྣམས་རིམ་བཞིན་འགའ་ཞིག་ཐབས་དང་། འགའ་ཞིག་དཔུང་གིས་དབང་དུ་བྱེད་བཞིན་པའི་སྐབས་སུ། རབ་བྱུང་བཅུ་གཅིག་པའི་ས་ཡོས་ཏེ་སྤྱི་ལོ་1639ལོར། སོག་པོ་གུ་ཤྲི་ཧན་གྱིས་ཁམས་ཕྱོགས་སུ་དཔུང་འཇུག་བྱས། ཁམས་ཏྲེ་ཧོ་དཀར་མཛེས་ཀྱི་ལྕགས་མོ་མདོ་སྟེང་དགོན་པ་གཏོར། དགོན་དེའི་བླ་གྲྭ་རྣམས་རང་ལམ་གང་ཐོབ་ཀྱིས་བྲོས། དགུང་ལོ་བགྲེས་པ་རྣམས་ཐག་རིང་མ་ཕེར་བ་བན་རྒན་དགོན་པ་བཏབ། ཇ་མ་དང་ཆུ་ལེན་རྣམས་ཀྱིས་འདན་ཇ་ཆུ་དགོན་པ་བཏབ་ཅེས་ཟེར། །
སོག་དམག་སྡེ་དགེར་འབྱོར་སྐབས་བླ་ཆེན་བྱམས་པ་ཕུན་ཚོགས་ཀྱིས་སྣེ་ལེན་བྱས་པས་མཛའ་གྲོགས་གྱུར། སྡེ་དགེ་འདན་གླིང་ཚང༌། དཀར་མཛེས་སོགས་ཀྱི་ས་ཁུལ་མང་པོ་བཙན་བཟུང་བྱས། ཡུལ་རེར་འགོ་གཙོ་རེ་བསྐོ་བཞག་བྱས་ཏེ་ལོ་ཁྲལ་སྡུད་ལེན་བྱས། བེ་རི་རྒྱལ་པོས་སོག་དམག་ལ་ཕར་རྒོལ་བྱས་པ་སོག་དམག་གིས་གཏོར། བེ་རིའི་ས་སྡེ་རྣམས་སྡེ་དགེའི་རྒྱལ་པོ་བླ་ཆེན་བྱམས་པ་ཕུན་ཚོགས་ལ་ཕུལ་སྟབས་སྡེ་དགེའི་མངའ་ཁོངས་དེ་འབྲི་ཆུའི་ཤར་ནུབ་གཉིས་སུ་རྒྱ་བསྐྱེད། གླིང་འགུ་ཟི་རྒྱལ་པོའི་མངའ་ཁོངས་སུ་ཡོད་པའི་ས་སྡེ་རྣམས་རིམ་བཞིན་བླ་ཆེན་གྱིས་མངའ་འོག་ཏུ་བཅུག་སྟེ། གླིང་ཚང་ནི་སྡེ་དགེའི་རྒྱལ་ཕྲན་ཙམ་ཞིག་ཏུ་གྱུར། དེ་ནས་བཟུང་གླིང་ཡུལ་ལ་སྡེ་དགེ་ཞེས་པའི་ས་མིང་ཆགས་པ་རེད། །
སོག་དམག་གློ་བུར་དབུས་སུ་འབྱོར། །
བླ་སློབ་དགོངས་བཞེད་ཅུང་ཟད་གྱེས། །
ཞལ་ངོས་དབུས་ཀྱི་དམག་དཔུང་བསྒྲུགས། །
དབུས་སོག་གཉིས་ཀྱིས་གཙང་སྲིད་བཅོམ། །
གཙང་པ་རྒྱལ་པོའི་སྐབས་ཀྱི་ལེའུ་སྟེ་བརྒྱད་པའོ།
ལྕགས་སྦྲུལ་སྤྱི་ལོ་1641ལོར་སོག་པོ་གོ་ཤྲིིའི་དམག་དཔུང་གིས་བེ་རི་བཅོམ་ཟིན་པ་དང་། ཕྱག་མཛོད་བསོད་ནམས་རབ་བརྟན་གྱིས་རྒྱལ་བ་ལྔ་པ་ཆེན་པོའི་ལྐོག་ཏུ་སོག་དམག་འབོད་པར། སོག་དམག་རྣམས་སྡེ་དགེ་ནས་ཕྱིར་མཚོ་སྔོན་ལོག་པར་བསྒྲགས་ཤིང་། གློ་བུར་དུ་ལྷ་སར་འབྱོར། སྐབས་དེར་རྒྱལ་བ་ལྔ་པ་ཆེན་པོས་དམག་འཁྲུག་བཤོལ་དགོས་པ་དགོངས་ཀྱང་། སྡེ་སྲིད་བསོད་ནམས་གྲགས་པས་དེ་ལས་ལྡོག་སྟེ་གཙང་པ་དམག་དྲངས་རྒྱུའི་རེ་བ་ཤུགས་ཆེན་བཅངས། རྒྱལ་བ་ལྔ་པ་ཆེན་པོས་དཔལ་ལྡན་དམག་ཟོར་རྒྱལ་མོའི་ཤོ་མོ་ཞིག་བཏབ་པར། འཕྲལ་ཇུས་འགྲོ ཕུགས་ངན་ཟེར་བ་ཞིག་བབས། ཕྱག་མཛོད་ཀྱིས་འཕྲལ་ཇུས་སོང་ན་དེ་གས་ཆོག ཕུགས་སུ་ཐམས་ཅད་ཤི་འགྲོ་ཟེར་ནས་དམག་བཤོལ་རྒྱུ་བཀག སྐབས་དེར་རྒྱལ་བ་ལྔ་པ་ཆེན་པོའི་ཐུགས་ལ་མཐར་དམག་འཁྲུག་ཕམ་རྒྱལ་གང་ཡོང་དོགས་གཞི་དང་བཅས་ཡོད་པའི་ཚུལ། རྣམ་ཐར་དུ་ཀཱུ་ལ་ལས། ད་ཆ་ཟླ་བ་དྲུག་བདུན་ཙམ་ནས་སྔར་འགྲོ་མ་མྱོང་བའི་ཐང་སྟོང་ཞིག་ལ་ཐལ་བ་ཧུར་རེར་འགྲོ་དགོས་པ་མི་ཡོང་ངམ་སྙམ་ཞེ་བློ་མ་བདེ་ཡང་འཕྲལ་ཉམས་སྣང་མེད་ཁུལ་གྱི་བརྫུས་ནས་བསྡད། ཅེས་གསུངས་པ་ལྟར་རོ། དེ་ནས་ཕྱག་མཛོད་བསོད་ནམས་རབ་བརྟན་གྱིས་ལྷ་རྒྱལ་རི་བ་དང་། གྲོང་སྨད་པ། བྲག་དཀར་ཆེ་གསུམ། རི་བོ་བདེ་ཆེན། རྫིང་ཕྱི་བཅས་དབུས་ཁུལ་གང་སར་དམག་སྐུལ་བྱས། དེ་ནས་དབུས་སོག་གཉིས་ཀྱི་དམག་དཔུང་གཙང་ཕྱོགས་སུ་ཆས། གཙང་པས་ཀྱང་དམག་དཔུང་ཧྲག་སྒྲུག་གིས་དྲག་པོའི་གཡུལ་འགྱེད་བྱས་པས། སོག་དམག་རྣམས་ལ་ས་རྒྱུས་དང་། ལམ་རྒྱུས་མེད་པའི་དཀའ་ངལ་ཆེ་ཙམ་བྱུང་བར་མ་ཟད། ཕྱག་མཛོད་བསོད་ནམས་རབ་བརྟན་ཀྱང་སྙིང་སྟོབས་ཞུམ་པས། གཙང་པ་ནང་ནས་ངོ་ལོག་གམ། སྡེ་པ་གཙང་པ་རང་གྲོངས་སམ། བརྒྱགས་མ་ཟད་ཀྱི་བར་དུ་བསྒྲུགས་ན་མ་གཏོགས་འཕྲལ་དུ་ལོན་པའི་རེ་བ་མེད་ཚུལ་སོགས་ལྔ་པ་ཆེན་པོ་ལ་ཞུས་པས། ལྔ་པ་ཆེན་པོ་དེ་ལས་ལྡོག་སྟེ། ད་ལེན་ཕམ་རྒྱལ་ཇི་ལྟར་བྱུང་ཡང་འཐབ་འཁྲུག་མཐར་འཁྱོལ་བ་ཞིག་བྱ་དགོས་སོགས་བཀའ་ཕེབས་གནང་བའི་སྐོར། རྣམ་ཐར་དུ་ཀཱུ་ལ་ལས་གསལ་བ་ལྟར་རོ། དེ་ནས་ཟླ་བ་ལྔ་པའི་ནང་དབུས་ཁུལ་དུ་ཡོད་པའི་རྫོང་གཞིས་རྣམས་ལ་སེར་འབྲས་ཀྱི་དམག་གྱིས་ཕར་རྒོལ་བྱས་ཏེ་རྫོང་གཞིས་རྣམས་བླངས་པས་ཇུས་རྒྱལ་བའི་རྩ་བ་ཚུགས། དེ་ནས་སྡེ་སྲིད་བསོད་ནམ་རབ་བརྟན་དང་། གྲོང་སྨད་པ་སོག་ཀྱིས་བཀོད་འདོམས་ལྟར་སླར་ཡང་དབུས་དམག་བསྡུ་རུག་བྱས་ཏེ། མྱང་སྟོད་བརྒྱུད་གཙང་དུ་དམག་རོགས་སུ་གཏེགས། ཟླ་བ་དགུ་འི་ནང་གཙང་པའི་འཛིན་དམག་ལ་ཕར་རྒོལ་དྲག་པོ་བྱས་ཀྱང་གྲུབ་འབྲས་ཆེར་མ་ཐོན། དུས་དེ་ཙམ་ན་གཙང་པ་དཔོན་བློན་ནས་སྟག་ལུང་ཞབས་དྲུང་དང་། པཎ་ཆེན་རིན་པོ་ཆེ། རྒྱལ་ཚབ་དྲུང་པ་གསུམ་ལ་བར་པ་ཕེབས་དགོས་པའི་བཀའ་ཡིག་འབྱོར། སོག་པོ་གུ་ཤྲི་དང་རྒྱལ་བ་ལྔ་པ་མཆོད་ཡོན་རྣམ་གཉིས་ཀྱིས་ཀྱང་གཙང་པས་མགོ་སྒུར་ཡོང་བའི་རེ་བས་པཎ་ཆེན་རིན་པོ་ཆེ་འུ་ཡུག་ཏུ་གདན་ཞུས་བྱས། འོན་ཀྱང་བར་འདུམ་གྱི་འབྲེལ་བ་དངོས་སུ་མ་བྱུང་པའི་གོང་དུ་སོག་དམག་གིས་ཕར་རྒོལ་ཇེ་དྲག་དང་། གཙང་དམག་གི་ནུ་སཔ་ཇེ་ཞན་ཏུ་གྱུར་ཅིང་། སྤྱི་ལོ་1642པའི་ཆུ་རྟ་ལོའི་ཟླ་2པའི་ཚེས་22ཉིན། གཙང་གི་ཆོས་སྡེ་གསར་པ་སོག་དམག་གིས་གཏོར། དབུས་སོག་གཉིས་ཀྱི་དམག་དཔུང་གིས་གཞིས་ཀ་བསམ་འགྲུབ་རྩེའི་མཁར་རྫོང་བླངས། གཙང་པ་རྒྱལ་པོ་ཀརྨ་བསྟན་སྐྱོང་དབང་པོ་དཔོན་གཡོག་ཉུང་བསྡུས་བཅས་བྲོས་བྱོལ་དུ་ཕྱིན། འཕྲོས་ཀྱི་གཙང་དམག་རྣམས་དབང་མེད་དུ་མགོ་སྒུར་བྱས། དེ་རྗེས་སྟག་ལུང་པ་དང་།ས་སྐྱ་པས་དཔང་པོ་མཛད་དེ་གཙང་པ་རྒྱལ་པོས་མགོ་འབུལ་ཞུས་ན་སྲོག་ཆད་མི་གཅད་ཅིང་འཚོ་རྟེན་ཕྲན་བུ་ཞིག་སྤྲད་ནས་རང་ཡུལ་དུ་སྡོད་ཆོག་རྒྱུའི་གན་རྒྱ་བཞག གཙང་པ་རྒྱལ་པོས་མགོ་འདོགས་ཞུས་རྗེས་ཆུར་གཡུག་ཏེ་བཀྲོངས་ཞེས་ཟེར་སྲོལ་འདུག འདི་ནི་དབུས་སོག་མཉམ་འབྲེལ་གྱིས་གཙང་ལ་ངོ་རྒོལ་བྱས་པའི་རྒོལ་ཐེངས་གསུམ་པ་ཡིན། དབུས་སོག་གཉིས་ཀྱི་གཙང་པ་འདུལ་བའི་ལོ་རྒྱུས་རགས་རིམ་ཙམ་བཤད་ཟིན་ཏོ། །