ན་ནིང་ཁུ་བྱུག་གྲགས་དུས་འུ་གཉིས་ནེའུ་གསིང་ཡངས་པོའི་སྟེང་།།
མ་བགྲོས་ངང་གིས་འཛོམས་པར་དེ་འདྲའི་བསམ་རྒྱུ་ཅང་མེད་མོད།།
ད་ལོ་སླར་ཡང་འཛོམས་པ་ལས་ཀྱིས་གནང་བའི་གོ་སྐབས་ཤིག།
གཅིག་སེམས་གཅིག་ལ་ཆགས་པ་སེམས་དང་བསམ་པའི་འཁོར་ཕྱོགས་ཤིག།
འདྲིས་པ་ཆུང་ནས་མིན་ཡང་ཁ་སེམས་བསམ་པ་མཐུན་ནས་བྱུང་།།
བརྩེ་བ་སྔར་ནས་མེད་རུང་མིག་གིས་སྒོ་གསུམ་འཚོ་དགོས་བྱུང་།།
ཕན་ཚུན་ཡིད་ཆེས་ཡོད་མེད་སུས་ཀྱང་བཤད་པར་དཀའ་མོད་ཀྱང་།།
དྲན་པའི་གདུང་བ་ཞིག་གིས་བརྩེ་བའི་དབྱིངས་ལ་ཁྲིད་ནས་སོང་།།
ལོ་ཟླའི་འཁོར་བསྐྱོད་རེ་རེ་མཛུབ་མོའི་རྩེ་ནས་བགྲང་བཞིན་དུ།།
མི་ཚེའི་རྒྱུ་ལམ་ཉག་གཅིག་དུངས་ཞེན་ཁོ་ནར་བཅོལ་བ་ཡིན།།
ལས་དང་དུས་ཀྱི་འགལ་འདུ་ཐོད་པའི་རི་མོར་བརྐོས་པས་ཀྱང་།།
མི་རྟག་གློག་ཞགས་མྱུར་མོ་ནམ་ཡོང་ཅི་ཆ་མེད་པ་ཤེས།།
མཛའ་མཐུན་དཔྱིད་དཔལ་བུ་མོས་ཁྱོད་དང་ང་ཡི་འདུན་མ་ལ།།
བཅུད་ལྡན་ལང་ཚོའི་ལེགས་སྐྱེས་སུ་དང་གང་ལའང་མ་གནང་བར།།
ལས་དང་དབང་གིས་གཏམ་པའི་སྙིང་གཏམ་འོ་མཚོའི་བཅུད་བཟང་དེ།།
བསྐལ་བས་བཞེས་སུ་གསོལ་བ་ང་དང་ཁྱོད་ཀྱི་བསོད་ནམས་ཡིན།།
ལྷག་བསམ་དཀར་གསལ་རང་མདངས་ལྗོངས་འདིར་སྤྲོ་བ་སྟོང་གཏམ་ཡང་།།
སློབ་ཚོགས་ངང་མོའི་ཁྱུ་ལ་མ་བསྩལ་བསམ་པའང་མེད་ཚོད་ཡིན།།
གཞན་ཕན་དགེ་བ་ཡིན་ཞེས་དམ་པའི་གསུང་ལས་ཐོས་པ་བཞིན།།
དགེ་བའི་རྩ་བར་བརྩོན་པ་འུ་ཅག་ལས་ཀྱི་བཟང་ཤོས་རེད།།
ང་རང་ཁྱོད་ལ་དགའ་ཞིང་ཁྱོད་རང་ང་ལ་དུངས་བ་ཡིས།།
བརྩེ་བའི་ཨ་ལོང་ཆ་འགྲིག་མ་བསྒྲིག་ངང་གིས་འགྲིག་ནས་བྱུང་།།
དེ་ནི་ལས་དབང་ཡིན་ཡང་དམ་འཛིན་ཁྱོད་དང་ང་ཡིས་དགོས།།
དེ་ནི་འཚོ་བ་ཡིན་པས་བདེ་སྐྱིད་ངང་གིས་རོལ་བ་གལ།།