མདོར་ན། དབྱར་ཟླ་འདི་ལ་ལྷག་ཏུ་དྲན་བྱུང་།

མགར་ཡན་མ།(མགོ་ལོག) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 01-03


 མདོར་ན།  དབྱར་ཟླ་འདི་ལ་ལྷག་ཏུ་དྲན་བྱུང་།

 

                                               མགར་ཡན་མ།(མགོ་ལོག)

 

གྲིབ་མ་སྐམ་པོ་འདི་དག

སྡོང་བོ་འཁྱག་པ་འདི་དག

ཉི་མས་ཁྲིད་པའི་ངའི་རྣམ་ཤེས་ཀྱི་རྩིག་ངོས་སུ་བཞུར་བྱུང

 

ཉི་མ་འདི་དག་ལ

ལམ་འགྲམ་དུ་མེ་ཏོག་སྣ་ཚོགས་བཞད་འདུག

ཁོམ་པ་ཡོད་དུས་ཀྱི་ཉིན་གུང་ཞིག་ལ

རི་དྭགས་རྨས་མ་འགའ་ཡང་ངའི་ཁེར་རྐྱང་གི་རྩྭ་ཐང་བརྒལ་ནས་ཞོགས་སོང

 

ནམ་མཁར་འཕུར་བའི་ལྷ་ཚོགས་ཀྱི་རྡོག་སྒྲ

ཆེད་དུ་ཁྱོད་ཀྱི་སྲང་ལམ་དུ་གྲག་དགོས

ད་ནི་ཁྱོད་ལ་འདོད་ཆགས་མཆོད་དོ

 

ཁྱོད་རང་ཧ་ཅང་དྲན་དུས

འཁོར་བའི་སྙན་ངག་དག་བྱེ་ཐང་དུ་བཤམས་ནས

རེ་རེ་ལ་སྒྲོལ་དཀར་ཟེར་བའི་མིང་རེ་འདོགས་དགོས་པ

དེ་དུས་འུ་གཉིས་ལོ་ཆུང་བས་ཡིན་ལ

ལག་པ་འདི་ཐེངས་གཅིག་སྲིང་ཆོག་ན

རྩེད་ར་འཁྱགས་པ་དེ་ཚོར་ཡང་ཡང་རེག་ཆོག་པ་ཨེ་རེད

 

བོད་ལྭ་རྙིང་བ་ཞིག་ཀྱང་ཁྱོད་ཚང་གི་ཆོན་ཐག་མགོར་ཉི་མར་ལྡེ་དུས

ང་ཐེངས་ག་ཚོད་ལ་འཕུར་ཡོད་པ་ཨེ་ཤེས

 

མདང་ནུབ་གློ་བུར་དུ་སད་བྱུང

རྨི་ལམ་ནང་གི་ནགས་ཚལ་ཞིག་ནས་ངང་ངུར་ཆ་གཉིས་འཕུར་ཏེ

ངའི་མིག་མདུན་གྱི་ཐང་ག་དེར་འཐམ་ལ

ཐང་གར་ང་རྒྱལ་གྱིས་གོམ་པ་སྤོ་ཙམ་བྱས

ཅི་ཡང་མི་འཁྱོངས་པའི་ཉིན་འདི་དག

ངའི་རྐང་རྗེས་སུ་ཡང་ཁྱོད་ཀྱི་ཕུང་བོའི་ཆ་ཤས་དེ་དག་དོད་ལ

ངས་དེ་དག་རེ་རེ་བཞིན་རྡོག་བརྫིས་གཏོང་གིན་འདུག

 

ཁྱོད་རང་བརྗེད་ག་ལ་ཐུབ

གོས་ཆེན་གཡུང་དྲུང་མ་ཞིག་ཀྱང་བརྗེད་ག་ལ་ཐུབ

 

མདོར་ན  དབྱར་ཟླ་འདི་ལ་ལྷག་ཏུ་དྲན་བྱུང

 


རྩོམ་ཡིག་སྔོན་མ།
ཚོར་བའི་རླུང་ལྷ།
རྩོམ་ཡིག་རྗེས་མ།
མིང་མེད།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1