ནང་དོན་གནད་བསྡུས། རྩོམ་འདིར་སྙན་ངག་གི་ངོ་བོའམ་རང་བཞིན་ལ་རང་གི་ངོས་འཛིན་དང་ལྟ་ཚུལ་བརྗོད་པ་དང་འབྲེལ་ནས་སྙན་ངག་གི་ཚིག་སྦྱོར་དང་ཉམས་འདོན་སྟངས་བཅས་ལ་གནའ་དེང་མཁས་པའི་གསུང་རྒྱུན་ལ་ཁུངས་གཏུགས་ནས་རང་གི་ལྟ་སྟངས་བརྗོད་ཡོད།
གནད་ཚིག སྙན་ངག ཚིག་སྦྱོར། ཚིག་ཉམས།
རྩོམ་ཡིག་འབྲི་བ་ནི་མི་རྣམས་ཀྱི་དགའ་སྐྱོ་ཆགས་སྡང་དང་བསམ་པའི་བརྩེ་དུང་ཚིག་གི་སྦྱོར་བ་ལེགས་པའི་འགྲོས་སྣ་ཚོགས་ལ་བརྟེན་ནས་ཤོག་དཀར་ངོས་སུ་འཕོས་པ་ཞིག་སྟེ། ང་ཚོའི་དམངས་ཁྲོད་ཀྱི་ངལ་རྩོལ་བ་རྣམས་ཀྱིས་འཚོ་བའི་ཁྲོད་ཀྱི་ཡིད་འགྱུར་སྣ་ཚོགས་ངག་གི་རྟ་ལ་སྐྱོན་ཏེ་དམངས་གཞས་མང་བོ་ལེན་པ་དེའི་ཚིག་གི་སྒྱུ་རྩལ་དང་དབྱངས་ཀྱི་འགྱུར་ཁུགས་སོགས་ནི་རང་གི་འཚོ་བ་དངོས་དང་མཐུན་ཞིང་། འཚོ་བའི་ཁྲོད་ཀྱི་དགའ་སྐྱོ་ཆགས་སྡང་གི་ཡིད་འགྱུར་མཚོན་པ། འཚོ་བའི་དགོས་མཁོ་དང་དམངས་སེམས་ཀྱི་རྒྱགས་ཕྱེ་རུ་རུང་བའི་དམངས་ཁྲོད་སྒྱུ་རྩལ་གྱི་བརྩམས་ཆོས་མང་བོ་གསར་རྩོམ་བྱེད་ཀྱི་ཡོད་པ་ནང་བཞིན། ཡོན་ཏན་པ་རྣམས་ཀྱིས་ཀྱང་སྒྱུ་རྩལ་གྱི་ཚད་གཞི་མཐོན་པོའི་སྒོ་ནས་རང་གི་ནང་སེམས་ཀྱི་འགྱུར་བ་དེ་ཡིག་འབྲུའི་གཟུགས་སུ་བསྒྱུར་ནས་འཇིག་རྟེན་ལ་ངོ་མཚར་བསྐྲུན་པ་དང་མིའི་རིགས་ཀྱི་འཚོ་བ་དེ་ཕུན་སུམ་ཇེ་ཚོགས་སུ་གཏོང་བའི་མི་ཚེའི་འོས་འགན་དང་དུ་ལེན་སྟངས་ཤིག་རེད། དེ་ལས་སྙན་ངག་ནི་སྐད་ཆའི་ཉིང་བསྡུས་དང་རྩོམ་རིག་གི་ཉིང་བཅུད་དུ་འདོད་ལ། སྙན་ངག་དར་བའི་ཚད་དེ་རིག་གནས་དར་བའི་ཚད་དུ་བཞག་ཆོག དེང་གི་དུས་སུ་བོད་ཀྱི་སྙན་ངག་གཙོ་བྱས་པའི་རྩོམ་སྟེགས་འདིར་བོད་སྲོལ་རྒྱུན་གྱི་སྙན་ངག་གི་ཁྱད་ཆོས་དང་ཕྱི་ཕྱོགས་ནུབ་གླིང་སོགས་ནས་དར་བའི་སྙན་ངག་གི་ཁྱད་ཆོས་ལ་སྤང་བླང་དང་དགག་བཞག གདམ་གསེས་དང་ལག་ལེན་ཐད་དུ་བརྡར་ཤ་མ་ཆོད་པ་དང་ཡང་དག་གི་ལམ་ཁ་འཚོལ་སྙེག་ལ་རྨོངས་པའི་སྙན་ངག་པ་མང་དུ་འདུག་པར་སྙམ་ལ། དེ་དག་གི་གསར་རྩོམ་བྱ་བའི་ཁྲོད་བོད་ཀྱི་སྲོལ་རྒྱུན་རྩོམ་རིག་དང་ནུབ་གླིང་རྩོམ་རིག་གཉིས་ཀྱི་འཕེལ་རྒྱས་གདོང་འཕྲད་པའི་དུས་འདིར་རང་གི་དམིགས་གཏད་བོར་བའི་འོལ་ཚོལ་གྱིས་སྙན་ངག་འབྲི་བ་དང་། ཡང་ན་བོད་ཀྱི་སྲོལ་རྒྱུན་རྩོམ་རིག་གི་ཁྱད་ཆོས་བོར་ནས་མཐའ་གཅིག་ཏུ་ནུབ་གླིང་རྗེས་སུ་འབྲངས་བ་སོགས་ལ་བལྟས་ན་རང་ཉིད་ཀྱིས་སྙན་ངག་གི་ངོས་འཛིན་ཞིག་དགོས་པ་ནི་ཁ་ཚ་དགོས་གཏུགས་སུ་འདུག དེ་བས་འདིར་སྐབས་སུ་བབ་པའི་གཏམ་གྱི་སྦྱོར་བ་སྙན་ངག་གི་ཡང་སྙིང་གླེང་བ་ལ་སྙན་ངག་གི་ངོ་བོའམ་རང་བཞིན་སྤྱི་དང་ཚིག་གི་སྦྱོར་བ། ཉམས་འདོན་སྟངས་ཀྱི་ཁྱད་ཆོས་བཅས་སྙན་ངག་གི་རྩ་བའི་སྒོ་གསུམ་ནས་གླེང་བར་བྱེད་པ་ནི་གཤམ་གསལ་ལྟར།
དང་བོ། སྙན་ངག་གི་ངོ་བོ།
དེ་ཡང་སྙན་ངག་ནི་ཇི་སྐད་དུ།“ཟློས་གར་སྙན་ཚིག་རོ་འཛིན་དང་། །བྲལ་བའི་སྐྱེ་བོ་ལྐུགས་པ་སྟེ། །དེ་ལྟ་བས་ན་གླུ་སྙན་དག །འདོད་པ་དབྱངས་ཅན་མགྲིན་པར་བརྟེན། །”①ཞེས་བརྗོད་པས་སྙན་ངག་མི་ཤེས་པ་ནི་སྐད་ཆ་སྨྲ་བ་ལ་མི་མཁས་པའི་ལྐུགས་པ་ལྟ་བུ་ཡིན་པ་འདིས་སྙན་ངག་གི་གལ་ཆེན་རང་བཞིན་བརྗོད་པ་སྔོན་དུ་སོང་ནས། འདིར་སྙན་ངག་གི་ངོ་བོ་བརྗོད་པར་འདོད།
སྙན་ངག་ནི་རྩོམ་རིག་གི་ཚད་མཐོ་བའི་སྐད་ཆའི་ཉིང་བསྡུས་དང་ཚིག་ཉམས་འདོན་པའི་སྐད་ཆའི་བརྗོད་སྟངས་གཞན་ཞིག་ཡིན། དེ་ནི་སྐད་ཆ་མདོར་བསྡུས་ནས་བརྗོད་ན་སྙན་ངག་ཅེས་པ་སྐད་ཆའི་བརྗོད་སྟངས་གཞན་ཞིག་ལ་ངོས་འཛིན་པར་འདོད། དཔེར་ན། ཡོངས་འཛིན་བློ་བཟང་དཔལ་ལྡན་མཆོག་གིས། དད་ལྡན་སློབ་བུ་རྣམས་ཀྱིས་སློབ་དཔོན་དམ་པ་དྲན་པའི་གདུང་སེམས་སྐྱེས་པའི་དུས་ལ་གློ་བུར་དུ་ཞལ་མཇལ་གྱི་སྐལ་བ་ལྡན་པས་གདོང་ལ་འཛུམ་མདངས་བྱུང་ཅེས་པ་སྙན་ངག་གི་སྐད་ཆའི་བརྗོད་སྟངས་གཞན་དུ་བརྗོད་པ་ནི། བྲལ་བས་གདུང་བའི་མྱ་ངན་གྱིས། །གདོང་གི་པདྨོ་ཟུམ་པ་རྣམས། །ཁྱོད་ཞལ་ཉི་མ་མཐོང་བའི་མོད། །དཔྱིད་ཀྱི་ཆུ་སྐྱེས་བཞད་པ་བཞིན། །ཞེས་གོང་གི་སྐད་ཆ་སྤྱིར་བཏང་བ་དེ་འདི་ལྟར་ཚིག་གི་བརྗོད་པ་གཞན་ཞིག་ལ་བརྟེན་ནས་བརྗོད་པ་དེ་ལ་སྙན་པའི་ཉམས་དང་ལྡན་པས། སྙན་ངག་གི་ཚིག་གསོན་ཉམས་ལྡན་པ་ཞིག་ཏུ་གྱུར་བ་དང་སྒྱུ་རྩལ་གྱི་ཉམས་ཆེས་ཆེར་ལྡན་པ་ལྟ་བུ་དང་། ཡང་སྙན་ངག་སྨྲ་བའི་དབང་བོ་ཞང་ཞུང་ཆོས་དབང་གྲགས་པས། སྐྱེ་དགུའི་དྲང་སྲོང་རིག་སྔགས་ཀྱི་བཟླས་བརྗོད་མཁན་པོ་དེ་རྣམས་ཀྱིས་འགྲམ་པ་ཟད་ཟད་དུ་སཱི་ཏཱའི་ངང་ཚུལ་བརྗོད་པ་དེ། སྐད་ཆའི་བརྗོད་སྟངས་གཞན་ཞིག་གིས་སྙན་པའི་ཉམས་དང་ལྡན་པར་བརྗོད་པ་ནི་དཔེར་ན། སྐྱེ་རྒུའི་རིག་སྔགས་མཁན་དེ་རྣམས། །སཱི་ཏཱའི་མིང་གི་བཟླས་བརྗོད་ཀྱིས། །འགྲམ་པ་རུས་པའི་འཕྲུལ་འཁོར་ནི། །དྲལ་ཏེ་ནུ་མའི་ངོས་སུ་འཕྱང་། །ཞེས་བརྗོད་པ་ལྟ་བུ་སྟེ། རིག་སྔགས་མཁན་རྣམས་ཀྱིས་འགྲམ་པ་ཟད་ཟད་དུ་སཱི་ཏཱའི་ངང་ཚུལ་བརྗོད་ཅེས་བཤད་ན་སྤྱིར་བཏང་གི་ཚིག་གི་བརྗོད་པ་ཙམ་ལས་སྙན་ངག་ཏུ་མི་འགྲོ་སྟེ། དེ་ནི་གོང་དུ་བཀོད་པའི་ཚིག་གི་སྦྱོར་བ་དེ་ལྟ་བུ་ལ་སྦྱར་ན་སྙན་ངག་གི་ཉམས་ཕུན་སུམ་ཚོགས་པ་ལྡན་པའི་ཚིག་གི་རྒྱན་དུ་གྱུར་བ་ལྟ་བུ་རེད།
དེ་བཞིན་དུ། གདོང་ལ་འཛུམ་མདངས་བྱུང་ཞེས་པ་སྙན་ངག་མ་ཡིན་པར་སྤྱིར་བཏང་གི་སྐད་ཆ་ཙམ་ཡིན་པ་དེ། གདོང་ལ་འཛུམ་པའི་མེ་ཏོག་གྲོལ་ཞེས་བརྗོད་ན་སྙན་ངག་ཡིན་པ་དང་། མིག་ལས་མཆི་མ་ཤོར་ལྟ་བུ་སྤྱིར་བཏང་གི་སྐད་ཆ་ཙམ་དང་། དེ་ལ་མིག་ལ་ཆར་ཟིམ་བབས་ཞེས་བརྗོད་ན་སྙན་ངག་ཏུ་གྱུར་བ་རེད། དེ་བས་སྙན་ངག་ནི་སྐད་ཆའི་བརྗོད་སྟངས་གཞན་ཡིན་པ་གང་དེར་སྙན་པའི་ཉམས་དང་ལྡན་པ་ཞིག་ཡིན་པར་འདོད། དེ་ལྟ་བུའི་ཚིག་གི་བརྗོད་སྟངས་གཞན་དེ་ཇི་ལྟར་སྦྱོར་ཚུལ་ལ་མཁས་ཤིང་ཉམས་ཕུན་སུམ་ཚོགས་པ་ཐོན་ན་སྙན་ངག་པའི་མིང་གི་ཆོ་ལོའང་ཐོབ་པ་ཡིན། བོད་དུ་འགྱུར་པའི་སྙན་ངག་གི་བསྟན་བཅོས་ཆེན་མོ《མེ་ལོང་མ》རུ་དཔེ་རྒྱན། དོན་རྒྱན། སྒྲ་རྒྱན། གབ་ཚིག་གི་རྒྱན་བཅས་སྐད་ཆའི་ཚིག་གི་སྒྱུ་རྩལ་དང་ལྡན་པའི་བརྗོད་ཐབས་ཐུན་མོང་མ་ཡིན་པ་ནང་གསེས་སུ་དྲུག་བརྒྱ་ལྷག་བསྟན་ཡོད་པ་དེ་དག་ནི། མིའི་རིགས་ཀྱི་འཚོ་བ་དངོས་ཀྱི་ཁྲོད་བརྗོད་པའི་སྐད་ཆ་སྤྱིར་བཏང་བ་དག་ངག་གི་བརྗོད་སྟངས་མི་འདྲ་བ་སྣ་ཚོགས་ཀྱི་སྒོ་ནས་བརྗོད་པའི་ཚུལ་དང་ཐབས་ལམ་བསྟན་པ་ཡིན།
དེ་བཞིན་དུ་དེང་རབས་སྙན་ངག་གི་སྐབས་སུ་ཡིད་བརྙན་དང་ཚོར་བརྗེ། རྟོག་པ་འོག་འགྱུ། ཚོར་འདྲེས། དངོས་བརྒལ་སོགས་ཀྱི་འབྲི་ཐབས་གླེང་བཞིན་པའང་མདོར་བསྡུས་ན་སྐད་ཆའི་ཚིག་གི་བརྗོད་སྟངས་གཞན་ཞིག་ལས་གང་ཡང་མ་ཡིན། དེར་བརྟེན་སྙན་ངག་ནི་སྐད་ཆའི་བརྗོད་སྟངས་གཞན་ཞིག་གོ་ཞེས་མགྲིན་པ་གཟེངས་སུ་འདེགས་པར་འདོད།
གཉིས་པ། སྙན་ངག་གི་ཚིག་སྦྱོར།
ཞིབ་ཏུ་བརྗོད་ན་སྙན་ངག་ནི་དེ་ཁོ་ན་ཉིད་ག་ལ་ཡིན་ཏེ། སྐད་ཆའི་བརྗོད་སྟངས་གཞན་དེ་ལ་ཚིག་གི་འདྲིལ་ཆེ་ཞིང་ཉམས་ཕུན་སུམ་ཚོགས་པ་དང་ལྡན་པར་བྱ་རྒྱུ་ཡང་གལ་འགངས་ཤིན་ཏུ་ཆེ་བ་ཞིག་རེད་སྙམ། དེ་ལ་རྩོམ་རིག་ཞིབ་འཇུག་པ་རྣམས་ཀྱིས་སྙན་ངག་གི་ཉམས་འདོན་སྟངས་ཀྱི་མཛེས་པ་གླེང་སྐབས། སྙན་ངག་གི་ཡིད་འགྱུར་མཚོན་པའི་མཛེས་ཉམས་དང་། སྣང་བརྙན་གྱི་མཛེས་ཉམས། ཡིད་ཡུལ་གྱི་མཛེས་ཉམས། རྩོམ་གཤིས་ཀྱི་མཛེས་ཉམས། དབྱངས་ཀྱི་མཛེས་ཉམས་སོགས་བརྗོད་ཡོད་པ་ལྟ་བུ་རེད། དེའི་ཕྱིར་སྙན་ངག་ནི་སྐད་ཆའི་བརྗོད་སྟངས་གཞན་ཞིག་དང་ཚིག་སྦྱོར་མཛེས་པའི་ཉམས་འདོན་སྟངས་ཐུན་མོང་མ་ཡིན་པ་ཞིག་ཡིན། དེ་ལ་རྗེ་འཇིགས་མེད་རིག་པའི་བློ་གྲོས་མཆོག་གིས། ཚིག་སྦྱོར་ཕུན་སུམ་ཚོགས་པ་སྤེལ་བའི་ངག་དམ་པ་ཞེས་གསུངས་པ་ལྟར། སྐད་ཆའི་ངག་གི་སྦྱོར་བའི་ཐབས་ལམ་སྣ་ཚོགས་ཉམས་འདོན་སྟངས་ཕུན་སུམ་ཚོགས་པ་ལྡན་པའི་བརྗོད་པ་ཡང་དག་པ་ཞིག་ལ་སྙན་ངག་གི་མིང་བཏགས་ཡོད་པ་ལྟར་རོ། །
སྙན་ངག་ལེགས་པོ་འཁྲུངས་པའི་རྒྱུ་ངག་གི་བརྗོད་པ་ཁྱད་པར་བ་དང་ཉམས་ཕུན་སུམ་ཚོགས་པ་དེ་ནི་ཚིག་གི་སྦྱོར་བའང་གྲིམ་ཞིང་ཉིང་བསྡུས་ཀྱི་རང་བཞིན་ལྡན་པར་བྱེད་རྒྱུ་ནི་སྙན་ངག་ལེགས་པོ་འཁྲུངས་པའི་ཉེར་ལེན་གྱི་རྒྱུ་མེད་དུ་མི་རུང་བ་ཞིག་རེད་བསམ།
རྒྱའི་རྩོམ་པ་བོ་ལའོ་ཧྲེ་ཡིས“སྙན་ངག་ལེགས་པོ་ཞིག་འཁྲུངས་བ་ལ་བསམ་བློའི་ཚོར་འདུ་དྲག་པོ་ཞིག་དང་ཚད་མཐོ་བའི་ཚིག་གི་ཉིང་བསྡུས་ལེགས་པོ་ཞིག་དགོས”②ཞེས་གསུངས་པ་ལྟར། སྙན་ངག་ལེགས་པོ་ཞིག་འབྲི་བ་ལ་བསམ་བློའི་བརྩེ་དུང་དྲག་པོ་དང་ཚིག་གི་བློ་སྦྱོང་ཐོན་པའི་སྐད་ཆའི་ཉིང་འདུས། ཚིག་ཉམས་ཆེ་ཞིང་སྒྱུ་རྩལ་གྱི་རང་བཞིན་ཐོན་པ་ཞིག་ཡིན་དགོས། དེ་ལ་ཚིག་གི་སྒྱུ་རྩལ་དང་བསམ་བློའི་བརྩེ་དུང་། བརྗོད་བྱའི་དོན་བཅས་ལས་སྒྱུ་རྩལ་གྱི་རོ་ཉམས་ཕུན་སུམ་ཚོགས་པ་ཉམས་སུ་མྱོང་ཐུབ། དེ་ལྟ་མིན་ན་སྙན་ངག་གི་སྐྱོན་ཡིན་པས་དེ་ལྟ་བུའི་སྙན་ངག་ནི་སྙན་ངག་གི་བརྩམས་ཆོས་ལེགས་པོ་ཞིག་ཏུ་ནམ་ཡང་བགྲང་ཐབས་མེད། དེ་ལ་སྙན་ངག་མེ་ལོང་མ་ལས།“མཁས་པས་ཡང་དག་རབ་སྦྱར་བའི། །ངག་ནི་འདོད་འཇོ་བ་རུ་བཤད། །དེ་ཉིད་ཉེས་པར་སྦྱར་ན་སླར། །སྦྱོར་བོ་བ་ལང་ཉིད་རྗོད་བྱེད། །”③ཅེས་གསུངས་པ་ལྟར་སྙན་ངག་གི་བརྩམས་ཆོས་ལེགས་པོ་ཞིག་ཡིན་ན་འདོད་འཇོའི་བ་བཞིན་ཚིག་གི་སྦྱོར་བའི་སྟེང་ན་སྒྱུ་རྩལ་གྱི་རོ་ཉམས་ཕུན་སུམ་ཚོགས་པ་ལེན་རྒྱུ་ཡོད་པ་ཞིག་ཡིན་དགོས་པ་བསྟན་ཡོད།
དེར་བརྟེན་སྙན་ངག་གི་ཚིག་ལ་ཁྱད་ཆོས་གཉིས་ལྡན་དགོས་པར་འདོད་དེ། དང་བོ་ཚིག་ལ་ཉིང་བསྡུས་ཀྱི་རང་བཞིན་ལྡན་དགོས་པ་དང་། གཉིས་པ་ཚིག་ལ་རོ་ཉམས་ཕུན་སུམ་ཚོགས་པ་ལྡན་དགོས། དེང་གི་སྙན་ངག་པའི་ཁྲོད་དུ་སྙན་ངག་གི་ཚིག་ལ་ཉིང་བསྡུས་ཀྱི་ཁྱད་ཆོས་མེད་པ་དུས་དེབ་ཁག་ཏུ་མང་བོ་མཐོང་རྒྱུ་འདུག་སྟེ། དཔེར་བརྗོད་ཅིག་དྲངས་ན། ཡང་བསྐྱར། སུ་ཞིག་གི་བྱང་ཁོག་འགྲིམ་པའི་མཚན་མོ་རེར། ཡིད་ངོས་སུ་བརྙན་རིས་བཞིན་བཀྲ་བ་ནི་རྐང་རྗེས་ཆུང་ཆུང་དེ་ཡིན་ལ། ལམ་ཐག་ཇེ་ཉེར་སོང་བ་དང་བསྟུན་ནས་རྐང་རྗེས་ཇེ་ཆེར་གྱུར་ཅིང་། རྐང་རྗེས་ཇེ་ཆེར་སོང་བ་དང་བསྟུན་ནས་ལམ་བུ་ཇེ་དོག་ཏུ་གྱུར་ཏེ། མཐོང་འདོད་ཀྱི་མིག་ལ་འཁྲེང་སེམས་ཀྱི་དམར་རྩི་བྱུག་དུས། ང་རྟག་ཏུ་ཁྱེད་ཀྱི་བྱང་ཁོག་འགྲིམ་ན་བསམས་བྱུང་། ཞེས་པའི་ཚིག་ལ་ཉིང་བསྡུས་ཀྱི་ཁྱད་ཆོས་མེད་པ་དང་གྲིམ་ཤ་ཡང་མེད་པར་ཚིག་གི་སྦྱོར་བ་ལྷོད་པའི་རང་བཞིན་ལྡན་པ་དང་དགོས་མེད་ཀྱི་ཕྲད་སྤུངས་ཡོད་པ་འདི་ལྟ་བུ་ནི་རང་མོས་སྙན་ངག་ཡིན་ཡང་ཚིག་ལྷུག་གི་སྦྱོར་བའི་ཁྱད་ཆོས་ལྡན་པ་འདི་ལྟ་བུ་ནི་བོད་ཀྱི་དུས་དེབ་གྲགས་ཆེ་བ་དག་ན་རྩིས་རྩིས་གྲངས་མེད་དུ་སྣང་། གལ་སྲིད་སྙན་ངག་འདི་ལྟ་བུ་ནི་ཚིག་རྐང་སོ་སོ་སྙན་ངག་གི་ཚིག་རྐང་ལྟར་ཐིག་ཕྲེང་མ་ཕབ་པར་གཅིག་རྗེས་གཉིས་མཐུད་དུ་ཚིག་ལྷུག་པ་ལྟར་བྱས་ན། རང་མོས་སྙན་ངག་དང་ཚིག་ལྷུག་རྩོམ་ཡིག་གཉིས་ལ་ཁྱད་པར་ཧེ་བག་ཆེན་པོ་མེད་པ་ལྟ་བུར་འགྱུར་བས་འདིའི་ཁྱད་པར་གང་གིས་འབྱེད་པ་ལ་ཀུན་གྱིས་བསམ་བློ་གཏོང་འོས་པ་ཞིག་རེད། འདི་ནི་ད་ལྟའི་སྙན་ངག་གི་གནད་དོན་གལ་ཆེན་ཞིག་རེད་བསམ།
དེ་ཡང་སྙན་ངག་མེ་ལོང་མ་ལས།“བརྗིད་པ་ཚིག་སྡུད་མང་བོ་ཉིད། །འདི་ནི་ལྷུག་པ་དག་གི་གསོས། །”④ཞེས་ཚིགས་བཅད་ལ་རྣམ་དབྱེ་སོགས་རང་ཤུགས་ཀྱིས་ཉུང་བ་ཆོས་ཉིད་ལྟ་བུ་ཡིན་པས་ཚིག་སྡུད་མང་བ་དང་། ཚིག་ལྷུག་ལ་ལྷག་པར་ཚིག་སྡུད་མང་ན་ཁྱད་ཆོས་ལྷག་པར་ལྡན་པ་ཡིན་པ་འདིས་ཀྱང་སྙན་ངག་གི་ཚིག་གི་ཉིང་བསྡུས་ཀྱི་གལ་ཆེན་རང་བཞིན་བརྗོད་པ་དང་། རྗེ་འཇིགས་མེད་བློ་གྲོས་མཆོག་གིས།“ཚིག་བཅད་ལྷུག་གང་ལའང་དགོས་མེད་ཀྱི་ཚིག་ལྷག་རྣམས་དོར་ནས་བརྗོད་ན་ངོས་གཙང་བ་དང་། ནོར་སོ་ཡོད་པའམ་དོན་གསལ་བོར་སྟོན་ཕྱིར་མི་འཇོག་ག་མེད་ཡིན་ན་མ་གཏོགས་རྣམ་དབྱེ་དང་ཚིག་ཕྲད་བསྡུ་ཅི་ཐུབ་བྱས་ན་ལེགས། ཚིག་གཅིག་གི་ནང་དུ་བྱེད་འབྲེལ་སྤུངས་པ་དང་། ཀུན་ཏུ་རབ་ཏུ་ཡོངས་སུ་མཆོག་ཏུ་རྣམ་པར་སོགས་མི་ཟད་པའི་ཚིག་གི་ཁ་སྐོང་མང་ན་རྣ་བར་མི་སྙན་པར་ཚིག་རྫོབ་ཅན་དུ་འགྱུར་རོ། །”⑤ཞེས་གསུངས་པ་ལྟར་ཚིག་ལ་བསྡུ་ཤུགས་མེད་ན་ཚིག་རྫོབ་ཏུ་འགྱུར་བ་གསལ་བོར་ཤེས་ཐུབ་པ་ནི། ཆིན་རྒྱལ་རབས་ཀྱི་མཁས་པ་བུའུ་ཆོ་ཡིས། སྙན་ངག་ནི་བསྡུས་ཤིང་ཟབ་པ་ཞིག་ཡིན་དགོས། ཞེས་སྙན་ངག་ནི་ཚིག་བསྡུས་ཤིང་དོན་གྱི་སྙིང་བོ་ཧ་ཅང་ཟབ་པ་ཞིག་ཡིན། དེ་བས་དེང་གི་དུས་སུ་རང་མོས་སྙན་ངག་འབྲི་མཁན་མང་བོ་ཡོད་པ་དེ་དག་ལས་མིག་སྔར་ཆེས་ཞན་ས་ནི་ཚིག་གི་སྦྱོར་བའི་ཐད་ན་འདུག་སྙམ་སྟེ། ཚིག་ལ་བསྡུ་ཤུགས་དང་གྲིམ་ཤ་མེད་པ་དང་མཚོན་ཐབས་ཀྱི་ཐད་ནས་ཆིག་རྐྱང་ཅན་དུ་འགྱུར་བ་དེ་རེད་བསམ། རང་མོས་སྙན་ངག་མང་བོར་ཚིག་རྫོབ་ཤུགས་ཆེ་བ་དང་མཚོན་ཐབས་ཀྱི་ཆ་ནས་དཔེ་དང་འཁྱོག་བརྗོད། ཟུར་བསྟན་སོགས་ནི་ལྟོས་འཇོག་གིས་བཤད་ན་ཅུང་ཉུང་སྟེ་མང་ཆེ་བ་ཐད་གར་ངོ་སྦྱོར་དང་དྲང་ཐད་ནས་ལྷུག་བརྗོད་བྱས་པ་ཤུགས་ཆེ་བས་སྙན་ངག་གི་ཁྱད་ཆོས་ཆེན་པོ་མེད་པ་ལྟ་བུར་སྣང་།
རྒྱའི་སྙན་ངག་པ་ཙང་ཁུ་ཅཱ་ཡིས་ཡིག་འབྲུ་ཉུང་བའི་ཚིག་སྦྱོར་གྱིས་བསམ་བློའི་ནང་དོན་འབོར་ཆེན་མཚོན་རྒྱུ་ནི་སྙན་ངག་གི་ཁྱད་ཆོས་གལ་ཆེན་ཞིག་ཡིན་ཞེས་བསྟན་པ་དང་། ཇི་སྐད་དུ། རྒྱ་ཆེའི་དོན་བསྡུ་མ་ཚང་གབ་དཀྲུག་སྡེབས། །ཚིག་དང་དོན་རེའི་སྤྲས་པ་སྟོང་འབྱེད་ཅིང་། །ཞེས་སོགས་གསུངས་པ་ལས་ཀྱང་གསལ་བོར་རྟོགས་ཐུབ། དེ་བས་སྙན་ངག་གཙོར་བྱས་པའི་སྒྱུ་རྩལ་རྩོམ་རིག་རྣམས་ནི་སྒྱུ་རྩལ་གྱི་དོན་སྙིང་དེ་ཚིག་གི་སྦྱོར་བ་ལ་བརྟེན་ནས་ཀློག་མཁན་གྱི་མིག་ལམ་དུ་ཚུར་སྣང་བྱེད་པ་ཡིན་པས་ཚིག་གི་སྦྱོར་བ་ནི་ཀློག་མཁན་གྱི་ཡིད་དབང་འགུགས་པའི་ཐབས་ལམ་དང་བོ་ཡིན། རྩོམ་ལ་དོན་གྱི་སྙིང་བོ་ཆེན་པོ་ཡོད་ཀྱང་ཚིག་གི་སྦྱོར་བ་ལེགས་པོ་མེད་ན་ཀུན་གྱིས་དགག་པར་འགྱུར། རྒྱའི་རིག་གཞུང་སྨྲ་བ་ཀྲུའུ་ཀོང་ཆེན་གྱིས།“བསམ་པའི་བརྩེ་དུང་ནི་སྲོག་དང་། ཚིག་གི་སྡེབ་སྦྱོར་ནི་གཟུགས། མཚོན་ཐབས་ནི་གཟུགས་ལ་སྲོག་དང་རྣམ་ཤེས་ཞུགས་པའི་ཐབས་ལམ་ཡིན།”⑥ཞེས་གསུངས་པ་ལྟར་གཟུགས་ནི་མིའི་དབང་ཤེས་ལ་ཐོག་མར་བག་ཆགས་འཇོག་བྱེད་ཡིན་པས་ཕྱིའི་གཟུགས་མི་ལེགས་པ་ཞིག་སྒྱུ་རྩལ་གྱི་གར་སྟེགས་ཆེན་པོར་འགྲོ་མི་སྲིད་པ་ལྟར་རེད། སྙན་ངག་གི་ཚིག་སྦྱོར་ནི་སྙན་ངག་གི་སྒེག་ལྡན་མའི་ཕྱིའི་འཕྱོར་སྒེག་ལྟ་བུ་ཡིན་པས་རང་ཅག་གིས་སྙན་ངག་འབྲི་སྦྱོང་ལ་སློབ་སྦྱོང་བྱེད་སྐབས་བོད་རང་གི་སྲོལ་རྒྱུན་མཁས་པ་དག་གི་སྙན་ངག་གི་བསྟན་བཅོས་གྲགས་ཆེ་བ་དག་ལས་ཚིག་བསྡུ་དང་ཉམས་འདོན་ཚུལ་ལ་སློབ་སྦྱོང་བྱེད་པ་གལ་ཆེ་བར་འདུག་སྙམ།
ཚིག་སྡུད་དམ་ཚིག་གི་ཉིང་བསྡུས་ཞེས་པ་ནི་རང་ཤུགས་ཀྱིས་འབྱུང་སྲིད་པ་ཞིག་མ་ཡིན་པར་དུས་རྒྱུན་གྱི་སློབ་སྦྱོང་དང་དཔེ་ཀློག་མང་དུ་བྱས་པ་ལས་དུས་ཡུན་རིང་པོར་རྩོམ་འབྲིའི་ནུས་རྩལ་སྦྱངས། ཚིག་གི་སྦྱོར་བ་སྤེལ་བའི་ཐབས་ལ་བཙོ་སྦྱང་དང་ཞུན་བརྡར་གྱི་བློ་སྦྱོང་ཐོབ་པའི་རྨང་གཞིའི་སྟེང་ནས་ད་གཟོད་ཚིག་གི་ཉིང་བསྡུས་ཀྱི་ཁྱད་ཆོས་འཛོམས་པ་ཞིག་ཡིན་པས་ཚིག་གི་སྦྱོར་བ་ཆུང་ངུ་ལ་དོན་གྱི་བསྟན་བྱ་རྒྱ་ཆེ་ལ་གཏིང་ཟབ་པ་བསྡུ་བའི་ཉམས་དང་ལྡན་པར་བྱེད་པ་ནི་གལ་ཆེ་བར་འདོད།
གསུམ་པ། སྙན་ངག་གི་ཉམས།
སྙན་ངག་གི་ཉམས་ནི། རྗོད་བྱེད་ཀྱི་ཚིག་སྙན་ཞིང་མཛེས་པའི་ཉམས་སྣ་ཚོགས་ཀྱི་སྒོ་ནས་གཙོ་བོ་བརྗོད་བྱ་དོན་གྱི་ངོ་བོ་མི་འདྲ་བ་སྣ་ཚོགས་གསལ་བོར་སྟོན་པའི་དོན་གྱི་རོ་ཉམས་ཕུན་སུམ་ཚོགས་པའི་ཚིག་གི་སྦྱོར་བ་ཞིག་ཡིན་ཏེ། མེན་རྒྱལ་རབས་ཀྱི་སྙན་ངག་པ་ཞེ་པཱང་གིས། སྙན་ངག་ལ་ཚིག་གི་སྦྱོར་བ་གཙོ། བསམ་པའི་བརྩེ་དུང་ནི་ཚིག་གི་ཕྲེང་བར་འབྲེལ། ཞེས་གསུངས་པ་ལྟར་ཚིག་གི་སྦྱོར་བ་ཕུན་སུམ་ཚོགས་པ་ལ་བསམ་པའི་བརྩེ་དུང་གི་ཡིད་འགྱུར་ཤུགས་དྲག་ཏུ་གཡོས་པས་སྙན་ངག་ལེགས་པོ་འཁྲུངས་བཞིན་པ་ལྟ་བུ་རེད། སྙན་ངག་པའི་ཡིད་འགྱུར་བྱེད་ནུས་ཤུགས་དྲག་ཏུ་ཐོན་ནས་རབ་རྟོག་གི་ཉམས་དང་གཟུགས་སུ་འཕྲུལ་བ། ཚོར་བ་བརྗེ་བ། རབ་བཏགས་འུད་བརྗོད་སོགས་སེམས་རྩོལ་གྱི་ཐབས་སྣ་ཚོགས་ལ་བརྟེན་སྒྱུ་རྩལ་གྱི་དབྱིབས་འགྱུར་དང་། གནས་བསྣོལ་བ། སྤྱི་ཆོས་ལས་བརྒལ་བ་དག་སྟོན་པས་འཕྲུལ་ཤེས་དང་ཡིད་འགྱུར་མཉམ་དུ་འཕོས་པས། ས་འཛིན་སྤྲིན་སྔོན་རལ་བའི་ཐོར་ཅོག་ཅན། །སྤོ་མཐོར་སྙེམས་པས་ཉི་ཟླའི་བགྲོད་པ་ཡང་། །ཆེས་ཆེར་དམའ་ན་མཁའ་ལྡིང་ཕལ་བའི་ཁྱུ། །སྦྲང་བུར་རྟོག་པས་ཁོར་ཡུག་ཀུན་ནས་ལྷམ། །ཞེས་རྩོམ་པ་བོའི་སེམས་ཀྱི་འགྱུར་བ་འཕྲུལ་ཤེས་སུ་བསྒྱུར་བས་སྤྱི་ཆོས་ལས་བརྒལ་བའི་ཚོར་སྣང་བྱུང་བ་སྙན་ངག་གི་ལམ་ནས་བསྟན་པ་དང་། དེ་བཞིན་དུ་བོད་ཀྱི་དམངས་གཞས་ལས། སེམས་པ་སྐྱོ་བའི་སྐད་ཆ། །རི་མ་འདབས་སུ་བཤད་པས། །རི་བོ་ས་རྡོ་ཡིན་ཡང་། །དབུ་ཡིས་ལྕོག་ལྕོག་གནང་བྱུང་། །ལྟ་བུ་དང་། ཨ་མདོའི་ལ་གཞས་ལས། ཞེ་སྨྲེང་བ་ཤིང་ལ་བཀུགས་ན། །ཤིང་ལོ་མར་མདུད་པ་བརྒྱག་གི །ཞེས་པ་སོགས་ལས་རི་རབ་མཐོ་དྲགས་པས་ཉི་ཟླའི་བགྲོད་པ་ཆེས་ཆེར་དམའ་བ་དང་། ཁོར་མོ་ཡུག་གི་བྱ་རྒྱལ་ཁྱུང་ཆེན་རྣམས་ཀྱང་སྦྲང་བུར་རྟོག་པ་ཞེས་དང་། སེམས་མེད་ཀྱི་རི་བོ་ས་རྡོ་ཡིན་ཡང་དབུ་ཡིས་ལྕོག་ལྕོག་གནང་སྟེ་སྙིང་ཉེ་ཉེ་བྱེད་པ། སེམས་ཀྱི་སྨྲེང་བ་ཤིང་ལ་བཀུགས་ན་ཤིང་གི་ལོ་མས་རང་ཤུགས་ཀྱིས་མདུད་པ་བརྒྱག་པ་ལྟ་བུའི་འཕྲུལ་ཤེས་སྐྱེ་ལ། དེ་བཞིན་དུ་སེམས་ཤུགས་དང་ཡིད་འགྱུར་ཤུགས་དྲག་པའི་དབང་གིས་གཉེན་བཤེས་དང་བྲལ་ནས་ཟླ་གཅིག་ལས་མ་འདས་ཀྱང་ལོ་གཅིག་ལྟར་མཐོང་བ་དང་། རང་ཉིད་དགྲ་དང་འགྲོགས་ནས་ཉིན་དུ་མ་ལས་མ་འདས་ཀྱང་ཟླ་གཅིག་ལྟར་རྟོག་པ་སོགས་འཕྲུལ་ཤེས་སྣ་ཚོགས་བྱུང་བ་དེ་སྙན་ངག་གི་རབ་རྟོག་སོགས་ལ་སྦྱར་བས་སྙན་ངག་གི་ཉམས་ཐུན་མོང་མ་ཡིན་པ་བྱུང་ཡོད་པ་དེ་ལྟ་བུ་དེང་དུས་ཀྱི་སྙན་ངག་རྣམས་ཀྱིས་ཀྱང་ཆེ་ཆེར་བཀོལ་སྤྱོད་བྱེད་འོས་པ་ཡིན།
གཞན་ཡང་། སྐྱེད་ཚལ་དགའ་མའི་བཞིན་རས་ནི། །ཆགས་ལྡན་གཞན་ལ་སྒྲིབ་པའི་ཆེད། །ལྗོན་ཤིང་ཡལ་གའི་ལག་པ་ཡིས། །ལོ་འདབ་ཡོལ་བ་ཁོར་ཡུག་བཟུང་། །ཞེས་སྙན་ངག་པའི་རྟོག་བཟོ་ཅན་གྱི་ཀུན་རྟོག་གིས་སེམས་མེད་པ་སེམས་ལྡན་དུ་རྟོགས་པ། དངོས་ཡོད་ཀྱི་བྱ་དངོས་ངོ་མ་དེ་གཟུགས་འགྱུར་བར་བྱེད་པ། ཡུལ་དུས་རང་བཞིན་གྱི་ཚོད་འཛིན་བརྒལ་བའི་རྟོག་པ་རྒྱ་ཡན་དུ་འཕྲོས་པའི་རྟོག་འཆར་སྒྱུ་རྩལ་གྱི་ཉམས་རྟོགས་ཕུན་སུམ་ཚོགས་པ་ལྡན་པའི་སྙན་ངག་གི་ཉམས་འདོན་སྟངས་སོགས་ནི་སྒྱུ་རྩལ་པའི་ཕུན་སུམ་ཚོགས་པའི་འཚོ་བའི་ཉམས་རྟོགས་དང་། གཏིང་ཟབ་པའི་བསམ་གཞིག སྒྱུ་རྩལ་གྱི་མྱོང་གོམས་དང་རྩོམ་འབྲིའི་བློ་སྦྱོང་ཟབ་པའི་རྨང་གཞིར་བརྟེན་ནས་བརྩམས་བྱར་བློས་བསླངས་བྱེད་སྐབས་སུ་ཐོལ་བྱུང་དུ་སྐྱེས་པའི་གསར་གཏོད་རང་བཞིན་གྱི་རིག་སྟོབས་ཁྱད་པར་བ་ཞིག་ཡིན་པས། གནའ་དེང་དུས་རབས་གང་དུའང་རྒས་མི་སྲིད་པའི་སྙན་ངག་གི་ཉམས་འདོན་ཚུལ་ཁྱད་པར་དུ་འཕགས་པ་ཞིག་ལ་ངོས་འཛིན་པར་འདོད།
རྒན་རྒྱ་གྲོལ་ལགས་ཀྱིས་མཛད་པའི་བོད་ཀྱི་སྙན་ངག་གསར་བ་ལས་འཕྲོས་པའི་གཏམ་ཞེས་པར་བོད་ཀྱི་དེང་རབས་སྙན་ངག་གི་ཁྱད་ཆོས་བགྲང་སྐབས་ཕྱོགས་བཅུ་ནས་བགྲང་པ་ནི་ཤིན་ཏུ་བདེན་པའི་གཏམ་ཕྱོགས་སྟོན་གྱི་འཁོར་ལོ་ལྟ་བུ་སྟེ། གོང་དུ་གླེང་བའི་དེང་རབས་སྙན་ངག་གི་ལྟ་ཚུལ་མདོར་བསྡུས་ན་སྙན་ངག་གི་ངོ་བོ་དང་། ཚིག་གི་ཁྱད་ཆོས། ཉམས་ཀྱི་འདོན་སྟངས་ལ་རང་ཅག་བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གནས་འདུ་ཤེས་དང་རིན་ཐང་ལྟ་བ། སྒྱུ་རྩལ་གྱི་བློ་ཁམས་དང་ལྡན་ན་བོད་ཀྱི་ཐུན་མོང་མ་ཡིན་པའི་སྒྱུ་རྩལ་གྱི་ཐོན་རྫས་ཁྱད་པར་དུ་འཕགས་པའི་དན་རྟགས་ཡིན་ཏེ། རང་རེའི་རྩོམ་སྟེགས་སུ་སྙན་ངག་གྲངས་མང་བོར་བརྩམས་ཀྱང་སྒྱུ་རྩལ་གྱི་འཕེལ་རྒྱས་མེད་པའི་སྙན་ངག་པ་དག་གིས་ངེས་པར་གོང་སྨྲས་དོན་ལ་བློ་རྩེ་གཏད་ནས་བློ་སྦྱོང་དྲག་ཏུ་བྱེད་པའི་རྟིང་སྐུལ་དང་། རང་ཉིད་ཀྱིས་ནམ་ཡང་སྙན་ངག་གི་ཚིག་གི་ཉིང་འདུས། དོན་སྟོན་ཐབས་ཀྱི་ཉམས། བསྟན་དོན་གྱི་ཟབ་ཚད་ལ་ནམ་ཡང་རང་བློ་རང་ལ་ལྐོག་ཏུ་མི་གྱུར་པའི་སྒོ་ནས་ལྡོག་འདྲི་དང་བསམ་གཞིག་བྱེད་པ་ཡིན།
དེང་གི་སྤྱི་ཚོགས་ནི་རིག་གནས་དང་དཔལ་འབྱོར་གྱི་ཡོ་ལང་རྣམ་པར་རྒྱས་ཏེ་གོ་ལ་ཧྲིལ་བོ་ཁྱིམ་གཅིག་ཏུ་འགྱུར་བའི་འཕེལ་རྒྱས་ཀྱི་རླབས་ཕྲེང་གཡོ་བའི་ཚན་རྩལ་གྱི་དུས་རབས་ཤིག་ཡིན་པས། འཛམ་གླིང་རྒྱལ་ཁབ་སོ་སོའི་མི་རིགས་ཐམས་ཅད་ཀྱིས་རང་རང་རིག་གནས་ཀྱི་རིན་ཐང་གླེང་བཞིན་ཕན་ཚུན་ལ་བརྡབ་གསིག་སྣ་ཚོགས་གཏོང་བའི་དུས་སྐབས་ཤིག་རེད། བོད་ཀྱི་དེང་རབས་སྙན་ངག་གིས་ཀྱང་འཛམ་གླིང་གི་སྙན་ངག་སྒྱུ་རྩལ་གྱི་མཛེས་ཉམས་ཚུར་བསྡུ་བའི་ཞར་ལ་རང་གི་སྲོལ་རྒྱུན་སྙན་ངག་གི་གཞུང་ལུགས་གྲགས་ཆེ་བ་སྙན་ངག་མེ་ལོང་མའི་སྙན་ངག་རྩོམ་ཚུལ་གྱི་སྒྱུ་རྩལ་ཉམས་རྟོགས་ལའང་སློབ་སྦྱོང་དང་ལག་ལེན་བྱས་ཏེ་བོད་ཀྱི་དེང་རབས་རྩོམ་རིག་ནི་ཕྱི་ནང་ཟུང་སྦྲེལ་དང་གནའ་དེང་ཟུང་སྦྲེལ་གྱི་འཕེལ་རྒྱས་ལམ་ཁ་སྙེགས་ན་བོད་རང་གི་ཐུན་མོང་མ་ཡིན་པའི་དེང་རབས་སྙན་ངག་གི་སྒྱུ་རྩལ་རྣམ་པ་ཞིག་ཆགས་པ་གདོན་མི་ཟ། དེ་ལྟ་མ་ཡིན་པར་རང་གི་ཁྱད་ཆོས་བོར་ནས་གཞན་གྱི་རྗེས་འབྲང་ཅི་ཐུབ་བྱས་ན་ནམ་ཞིག་སེང་གེའི་ལྷག་མ་ཟ་བའི་ཝ་ཡི་རྣམ་ཐར་དུ་མི་འགྱུར་པའི་ངེས་པའང་མེད་དོ། །
དཔྱད་གཞིའི་ཡིག་ཆ།
①ཞང་ཞུང་ཆོས་དབང་གྲགས་པས་རྩ་བ་དང་ངག་དབང་བསྟན་པའི་རྒྱ་མཚོས་འགྲེལ་བ་བརྩམས་པ། རྒྱལ་བོ་རཱ་མ་ཎའི་རྟོགས་བརྗོད། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། སྤྱི་ལོ༡༩༩༥ལོའི་པར་ཐེངས་གསུམ་པ། ཤོག་ངོས༡༥ན་གསལ།
②老舍著《诗与快板》,湖南人民出版社,1984年版《写与读》第127页。
③རྩ་བ་སློབ་དཔོན་དབྱུག་པ་ཅན་དང་འགྲེལ་བ་བོད་མཁས་པས་བརྩམས། སྙན་ངག་མེ་ལོང་མ་དང་བོད་མཁས་པའི་འགྲེལ་བ་བཞུགས་སོ། །མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་སྤྱི་ལོ༢༠༡༣ལོའི་ཟླ་ལྔ་པར་དཔར་ཐེངས་ལྔ་བ། ཤོག་གྲངས༡ན་གསལ།
④རྩ་བ་སློབ་དཔོན་དབྱུག་པ་ཅན་དང་འགྲེལ་བ་བོད་མཁས་པས་བརྩམས། སྙན་ངག་མེ་ལོང་མ་དང་བོད་མཁས་པའི་འགྲེལ་བ་བཞུགས་སོ། །མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་སྤྱི་ལོ༢༠༡༣ལོའི་ཟླ་ལྔ་པར་དཔར་ཐེངས་ལྔ་པའི་ཤོག་གྲངས༩ན་གསལ།
⑤ཚེ་ཏན་ཞབས་དྲུང་། སྙན་ངག་མེ་ལོང་གི་སྤྱི་དོན་སྡེབ་ལེགས་རིག་པའི་འཆར་སྒོ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༢༠༡༣ལོའི་པར་ཐེངས་དགུ་པའི་ཤོག་གྲངས༢༥བ་ན་གསལ།
⑥朱光潜《诗论》,北京出版集团公司,2014年12月第一版,第265页。