རྒྱུས་ལོན་པ་ལྟར་ན་རྫོང་ཡོངས་ཀྱི་རང་བྱུང་རྩྭ་རའི་རྒྱ་ཁྱོན་ལ་མུའུ་ཁྲི་1164ཡོད་ལ། བེད་སྤྱོད་ཆོག་པའི་རྩྭ་ཐང་གི་རྒྱ་ཁྱོན་ལ་མུའུ་ཁྲི་1121ཡོད་པས། རྩྭ་ཐང་གི་སྤྱིའི་རྒྱ་ཁྱོན་གྱི་བརྒྱ་ཆ་96.3ཟིན་ཡོད། བསྟན་འཛིན་མགོན་གྱིས་རྩྭ་མཛོད་དུ་ལེགས་པར་ཉར་བའི་རྩྭ་སྐམ་ཕོན་པོ་མང་པོ་སྟོན་ཞོར་དུ་བཤད་རྒྱུར། འདི་ནི་དབྱར་ཟླ་བདུན་པ་བརྒྱད་པར་བྲེགས་པའི་རྩྭ་ཡིན་ལ། རྩྭ་དུམ་རེར་སྤྱི་རྒྱ་20ཡོད་ལ་སྒོར་50ཡིན། ད་ལྟ་ད་དུང་རྩྭ་དུམ་ཁྲི་ལྷག་ཡོད་ཀྱང་ལོ་མཇུག་བར་དུ་བཙོང་ཚར་རྒྱུ་རེད་ཅེས་སྤོབས་པ་དང་བཅས་དེ་བཤད།
རྒྱུས་ལོན་པ་ལྟར་ན། མཉམ་ལས་ཁང་དེ་གས་རྟེན་གཞི་བསྐྲུན་པ་དང་། རྒྱུད་བཟང་སྤེལ་བ། ཕྱུགས་ཟོག་རེས་མོས་འཚོ་བ། དགུན་དུས་སུ་གཟན་རྩྭ་ཁ་གསབ་བཅས་ཀྱི་ཚན་རིག་དང་མཐུན་པའི་གསོ་སྤེལ་གྱི་རྣམ་པ་སྤྱད་དེ། ཕྱུགས་ཟོག་གི་ནད་ཡམས་འགོག་སྲུང་གི་ནུས་པ་དང་སྐྱེ་འཕེལ་གྱི་ནུས་པ་གོང་མཐོར་བཏང་བར་མ་ཟད། ཕྱུགས་ཟོག་རྩྭ་སའི་འགལ་བ་བསལ་བས། རྩྭ་སའི་ཐོན་ཁུངས་ལུགས་མཐུན་ངང་བེད་སྤྱོད་པ་དང་སྐྱེ་ཁམས་ལ་སྲུང་སྐྱོང་ལེགས་པོ་ཐུབ་ཀྱི་ཡོད། རང་ཅག་གིས་འབྲོག་པ་ཚོར་རྩྭ་ཐང་སྐྱེ་ཁམས་སྲུང་སྐྱོང་གི་འདུ་ཤེས་གཟུག་པ་ནས་བརྩམས་ཏེ། སྲིད་གཞུང་གིས་རྩྭ་ཐང་སྐོར་གྱི་བཅའ་ཁྲིམས་དྲིལ་སྒྲོག་དང་། ཕྱུགས་རྩྭ་དོ་སྙོམས། རྩྭ་ཐང་སྲུང་སྐྱོང་གི་ཁ་གསབ་ལམ་ལུགས་སོགས་ཁྲིམས་ལུགས་སྲིད་ཇུས་ཀྱིས་འབྲོག་དམངས་ཀྱི་སྲོལ་རྒྱུན་གྱི་འདུ་ཤེས་རྙིང་བར་བསྒྱུར་བཅོས་གཏང་བ་དང་། ཡོང་སྒོར་མི་གནོད་པར་ཕྱུགས་ཟོག་ཇེ་ཉུང་དུ་གཏང་བར་ཕྱུགས་ཟོག་འཚོ་སྐྱོང་གཏན་འགོག་དང་། རྩྭ་ས་རེས་མོས་ངང་སྤྱོད་པ་བཅས་ཀྱིས་རྩྭ་སའི་འགན་འཁུར་ཇེ་ཡངས་སུ་གཏང་བ། དེ་བཞིན་དུ་རྩྭ་ཐང་སྣོད་བཅུད་ཁ་གསབ་ལམ་ལུགས་སྤེལ་ཏེ་འཚོ་བཀག་རྩྭ་སྤེལ་དང་འདེབས་རྩྭ་བཅས་ཀྱིས་འབྲོག་དམངས་ཀྱི་ཡོང་སྒོ་མཐོར་འདེགས་སུ་བཏང་།
སི་ཁྲོན་ནུབ་བྱང་གི་སྐྱེ་ཁམས་དཔལ་འབྱོར་དཔེ་སྟོན་ཁུལ་འཛུགས་པར་གཞིར་བཟུང་སྟེ། རྩྭ་ཐང་ལྗང་སྒྱུར་དང་། འབྲོག་དམངས་ཀྱི་ཡོང་སྒོ་འཕར་བ། ཕྱུགས་ལས་གོང་དུ་འཕེལ་བ། རྩ་ཐང་གི་སྐྱེ་ཁམས་ལེགས་པར་འཁོར་བ་མངོན་གྱུར་བྱུང་ཡོད་ཅེས་ཧུང་ཡོན་རྫོང་ཞིང་ཕྱུགས་ཅུས་ཀྱི་འགན་འཁུར་བས་གསར་འགོད་པར་མཚམས་སྦྱོར་བྱས། མཉམ་ལས་ཁང་གི་དོ་དམ་པ་ཐུབ་བློས་བཤད་པར། སྔོན་ཆད་འབྲོག་པ་ཡིན་ཡང་ཁྱིམ་དུ་ཕྱུགས་ཟོག་ཉུང་ལ། ལག་རྩལ་ཅི་ཡང་མེད་པས་ཁྱིམ་གྱི་འཁོས་ཀ་ཤིན་ཏུ་ཞན། རྒྱལ་ཁབ་ཀྱིས་དབུལ་སྒྲོལ་གནད་འཁེལ་གྱི་སྲིད་ཇུས་ལག་ཏུ་བསྟར་བ་ནས་བཟུང་། ངེད་ཚང་ཡིག་ཚགས་བཀོད་ཅིང་བྱང་བུ་བཟོས་པའི་དབུལ་ཕོངས་ཁྱིམ་ཚང་གི་གྲས་སུ་བཞག་སྟེ། དམངས་ཕན་སྲིད་ཇུས་མང་པོ་ཞིག་ལོངས་སུ་སྤྱོད་ཐུབ་པར་གྱུར་བར་མ་ཟད། མཉམ་ལས་ཁང་དུ་ཞུགས་པ་ནས་བཟུང་། ཟླ་རེར་གླ་ཕོག་སྒོར་2000དང་ད་དུང་མ་རྐང་གི་བགོ་བཤའ་ཡོད་པས། དབུལ་ཕོངས་ལས་ཐར་བར་སེམས་ཁྲལ་མི་དགོས་ཟེར། ད་ལྟ་ཁོའི་ལས་ཀ་ནི་ཉིན་ལྟར་རྩྭ་སྡོམ་པ་དང་བསྡུ་ཉར། འཕྲུལ་ཆས་བརྟག་ཞིབ་ལས་གཞན་མེད།
གསར་འགོད་པས་བཅར་འདྲིའི་སྐབས་སུ་རྒྱུས་ལོན་པ་ལྟར་ན། ཐང་རི་མཉམ་ལས་ཁང་གིས་རྩྭ་ཐང་གི་སྐྱེ་ཁམས་སྲུང་སྐྱོང་དང་འབྲོག་དམངས་ཀྱི་ཡོང་སྒོ་འཕར་བར་དམིགས་ཏེ། འབྲོག་དམངས་ཀྱི་འཚོ་བ་ཇེ་ལེགས་སུ་བཏང་བས་ཕྱུགས་ལས་འཕེལ་རྒྱས་ཀྱི་ལམ་བུར་ཡང་རིམ་བཞིན་དུ་བསྒྱུར་བཅོས་ཐེབས་ཀྱི་ཡོད། ལོ་རེར་མཉམ་ལས་ཁང་གིས་སྡེ་བའི་ཐུན་མོང་དཔལ་འབྱོར་དུ་སྒོར་ཁྲི་31ལེན་གྱི་ཡོད་པར་མ་ཟད། ཉེ་འཁོར་གྱི་འབྲོག་ཁྱིམ་720ལ་ཡང་ཕན་ཐོགས་བྱུང་ཡོད། དེར་ཡིག་ཚགས་བཀོད་ཅིང་བྱང་བུ་བཟོས་པའི་ཁྱིམ་ཚང་124ཡོད། སྔོན་དཔག་ལྟར་ན་ད་ལོའི་མཉམ་ལས་ཁང་གི་ཡོང་སྒོ་རྐྱང་བར་སྒོར་ཁྲི་100ལོན་པ་དང་། ཆ་སྙོམས་ལྟར་ན་ཁྱིམ་ཚང་རེར་སྒོར་2479དང་མི་རེར་སྒོར་700ལྷག་ཐོབ་ཀྱི་ཡོད། འདི་ལྟར་མཉམ་ལས་ཁང་ནི་རིམ་བཞིན་དུ་འབྲོག་དམངས་ཀྱི་ཡོང་སྒོ་འཕར་བའི་ཐབས་ལམ་གལ་ཆེན་ཞིག་ཏུ་འགྱུར་བཞིན་ཡོད།