དཔྱད་གླེང་ཚོགས་འདུའི་སྟེང་མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་སྟག་འབུམ་ཐར་དང་གེ་སར་རིག་གནས་ཀྱི་ཆེད་མཁས་པ་སློབ་དཔོན་འཇམ་དབྱངས་རྒྱ་མཚོ་བཅས་ཀྱིས་སྐུར་ཡོང་བའི་ཤིས་ཚིག་སྒྲོག་འདོན་བྱས། རྒྱལ་ཡོངས་གེ་སར་ཞིབ་འཇུག་ཁང་གི་ཀྲུའུ་རེན་ནོར་བུ་དབང་ལྡན་གྱིས་གསུང་བཤད་གནང་ཞིང་། ཁོང་གིས་ཐོག་མར་ཐེངས་འདིའི་དཔྱད་གླེང་ཚོགས་འདུ་གཙོ་སྒྲུབ་བྱེད་མཁན་གྱི་མཚོ་སྔོན་སེང་འབྲུག་སྟག་རྩེ་བོད་ཀྱི་རིག་གནས་ཁྱབ་སྤེལ་ཚད་ཡོད་སྤྱི་གཉེར་ཁང་ལ་བཀའ་དྲིན་ཞུ་བ་དང་ཆབས་ཅིག གེ་སར་རིག་གནས་ཀྱི་ད་ལྟའི་གནས་བབ་དང་མ་འོངས་བའི་འཕེལ་ཕྱོགས། ད་དུང་གེ་སར་རིག་གནས་ཉམས་པ་སླར་གསོ་དང་། མ་ཉམས་གོང་འཕེལ་བཅས་ནས་བསམ་ཚུལ་བརྗོད་པ་དང་རེ་བ་ནན་མོ་བཏོན།
གེ་སར་རྒྱལ་པོའི་སྒྲུང་ནི་བོད་རིགས་མི་དམངས་ཀྱི་ཐུན་མོང་གི་བློ་གྲོས་ཀྱི་རྩལ་ལས་ཐོན་པའི་བྱུང་བརྗོད་སྙན་ངག་རིང་མོ་ཞིག་ཡིན་ཞིང་། རང་རེའི་ཁ་བའི་ཡུལ་འདིར་དུས་སྔ་མོ་ནས་དར་རྒྱ་ཤིན་ཏུ་ཆེ་བ་དང་མང་ཚོགས་ཀྱིས་ཀྱང་དགའ་བསུ་ཆེན་པོ་བྱེད་བཞིན་མཆིས་ལ། གེ་སར་སྒྲུང་གི་བརྗོད་བྱའི་དོན་གྱི་ཆ་ནས་བལྟས་ནའང་བོད་གནའ་རབས་ཀྱི་ཆབ་སྲིད་དང་དམག་དོན། རིག་གནས། ཆོས་ལུགས། དམངས་སྲོལ་བཅས་མཚོན་པའི་དཔའ་བོའི་ལོ་རྒྱུས་བརྗོད་པའི་སྙན་ངག་རིང་མོ་ཞིག་ཡིན། དེར་གླིང་གེ་སར་རྒྱལ་པོས་གཙོ་མཛད་པའི་དཔའ་རྟུལ་སུམ་ཅུས་བཙན་པོ་གཉའ་ནས་གནོན་པ་དང་དབུལ་ཕོངས་མཐའ་ནས་སྐྱོང་སླད། ཕྱོགས་བཞིའི་དགྲ་བཞི་བཏུལ་བ་དང་རྫོང་ཆེན་བཅོ་བརྒྱད་དང་རྫོང་ཕྲན་གྲངས་མེད་ཆམ་ལ་ཕབ་པའི་ལོ་རྒྱུས་དག་གསལ་ལེར་བརྗོད་ཡོད།
ཚོགས་ཡུན་ཉིན་གསུམ་གྱི་རིང་ལ། ཚོགས་ཞུགས་བླ་སྦྲུལ་དང་ཆེད་ལས་མཁས་པ་རྣམ་པས་གེ་སར་རིག་གནས་ཀྱི་རྒྱུད་འཛིན་དང་དར་སྤེལ། མ་འོངས་བའི་ཞིབ་འཇུག་ཁ་ཕྱོགས་བཅས་ཀྱི་ཐད་ཕྱོགས་སོ་སོ་ནས་བགྲོ་གླེང་མཛད་རྒྱུ་རེད། །