རིག་གནས་རྣམ་བཤད་།

མཱ་ལི་ནའོ་སི་ཁཱི་བརྩམས། ཧྥིས་ཞའོ་ཐུང་གིས་རྒྱ་ཡིག་ཏུ་བསྒྱུར། པད་ཚེས་བོད་ཡིག་ཏུ་བསྒྱུར། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 11-27


སྤྱི་ཚོགས་སྒྲིག་འཛུགས།
        སྤྱི་ཚོགས་རིག་པ་བ་ཚོས་ནམ་རྒྱུན་སྤྱི་ཚོགས་ཀྱི་སྒྲིག་འཛུགས་ནི་རིག་གནས་ཀྱི་ཁྱབ་ཁོངས་ལས་བཀར་ཏེ་སྤྱི་ཚོགས་རིག་པ་ཞེས་སྒེར་ཚུགས་གི་རིག་ཚན་ཞིག་ཏུ་བཤད་མོད། དོན་ངོས་སུ། སྤྱི་ཚོགས་ཀྱི་ཚོགས་པ་གང་དང་གང་གི་སྒྲིག་འཛུགས་ནི་དངོས་པོའི་སྤྱོད་ཆས་དང་མིའི་གོམས་སྲོལ་གཉིས་མཉམ་དུ་འདུས་པའི་ཕུང་པོ་ཞིག་ལས་མ་འདས་ལ། དེའི་དངོས་པོ་དང་བསམ་བློའི་ཕྱོགས་གཉིས་ནི་ནམ་ཡང་སོ་སོར་དབྱེར་དུ་མེད་པ་ཞིག་རེད།
        སྤྱི་ཚོགས་སྒྲིག་འཛུགས་ནི་ཚོགས་པ་ཞིག་གི་བྱ་བ་བྱེད་པའི་རྩ་དོན་ལྟ་བུ་རེད། སྤྱི་ཚོགས་ཀྱི་ཚོགས་སྡེ་གང་དང་གང་ཡིན་ན་ཐམས་ཅད་ནི་མི་སྒེར་ལས་གྲུབ་པ་ཞིག་ཡིན་པས། མི་སྒེར་དེ་དག་ནི་ཅིའི་ཕྱིར་མཉམ་འབྲེལ་བྱས་པ་རེད་ཅེ་ན། དེ་ནི་ཐོག་མར་བྱིས་པ་དག་ལ་མཚོན་ན་རང་གི་ཕ་མའི་གཉོར་སྐྱོང་ལ་བརྟེན་དགོས་པ་དང་། ཕ་མའི་སྦྲ་དང་ཁང་ཁྱིམ་སོགས་ནས་འཚར་ལོངས་བྱུང་དགོས་པ་རེད། ཡང་ཁྱིམ་ཚང་ཞིག་ལ་མཚོན་ན་དེ་ནི་ཁྱིམ་མི་རེ་རེའི་དྲོད་ཁོལ་དང་བདེ་བ། ཟས་གོས། བརྩེ་བ་སོགས་ཀྱི་འབྱུང་ཁུངས་ལྟ་བུ་ཞིག་ཡིན་པས་ཁྱིམ་མི་ཚང་མ་དེ་ལ་བརྟེན་ཞིང་འཚོ་དགོས་པ་རེད། དེ་བཞིན་མིའི་སྤྱི་ཚོགས་ཀྱི་འཚོ་བ་ལ་མཚོན་ན། དེ་ནི་ཚོང་ཁྲོམ་དང་། གྲོང་སྡེ། ཁྱིམ་མཚེས་སོགས་འདུས་སྡོད་ཀྱི་རྣམ་པར་ཡོད་ཅིང་དེ་ལ་ས་གནས་ཀྱི་རང་བཞིན་དང་། དཔལ་འབྱོར་དང་ཆབ་སྲིད། ཆོས་ལུགས་སོགས་ཀྱི་བྱེད་སྒོ་སྣ་ཚོགས་དང་འབྲེལ་བའི་ཚད་བཀག་གི་རང་བཞིན་སོགས་ཀྱང་ཡོད། དེ་བས། རྩ་འཛུགས་ཀྱི་རང་བཞིན་ལྡན་པའི་བྱ་བ་ཐམས་ཅད་ལས། མིའི་རིགས་ཚོགས་སྡེའི་རྣམ་པར་ཆགས་པ་ནི། ཁོང་ཚོར་ཐུན་མོང་གི་ཁོར་ཡུག་ཅིག་ཡོད་པས་དང་། ཐུན་མོང་གི་ཡུལ་ལུང་གཅིག་ཏུ་འཚོ་སྡོད་བྱས་ཡོད་པས་དང་། ཐུན་མོང་གི་ལས་རིགས་ཤིག་ལ་ཞུགས་ཡོད་པས་རེད། དེ་བཞིན་སྤྱི་ཚོགས་ཀྱི་ཁོངས་མི་དག་གིས་བྱ་བ་སྒྲུབ་སྐབས་ཅིའི་ཕྱིར་ཕན་ཚུན་ལ་རམ་འདེགས་བྱས་པ་རེད་ཅེ་ན། དེ་ནི་སྤྱི་ཚོགས་ཀྱི་ཆོས་ཉིད་དང་གོམས་སྲོལ་ཞིག་ལས་བྱུང་བ་དང་། ཆོས་ཉིད་དེ་དག་ལས་ལ་ལ་ནི་མིའི་རིགས་ཀྱི་ཤེས་རིག་གིས་ཐག་གཅོད་བྱས་པ་དང་། ལ་ལ་ནི་གནས་སྐབས་ཀྱི་དགོས་མཁོ་ལས་གྲུབ་པ་སོགས་སྣ་ཚོགས་ཡོད། སྤྱི་ཚོགས་ཀྱི་རྩ་དོན་དང་ལུགས་སྲོལ། ཁྲིམས་ལུགས། གོམས་སྲོལ་སོགས་ནི་མི་རྣམས་ཀྱི་རེ་རེ་བཞིན་སྦྱངས་ཤིང་གོམས་པར་གྱུར་བའི་བསམ་པའི་རིག་གནས་ཀྱི་རིགས་ཤིག་ཡིན་ནོ། །
        གཞན་ཀུན་སྤྱོད་རིན་ཐང་གི་ཆེས་གནད་འགག་ཏུ་གྱུར་པ་གང་ཞེ་ན། དེ་ནི་མི་རྣམས་ཀྱི་ནང་སེམས་བཅུན་པ་དང་སྡོམ་པར་བྱེད་པའམ། ཡང་ན་ལྐོག་གྱུར་གྱི་གཅུན་ཤུགས་ཤིག་གིས་མི་རྣམས་ཀྱི་སྤྱོད་ལམ་ལ་ཚོད་འཛིན་བྱེད་པ་ཞིག་རེད། དེ་ལྟའི་གཅུན་ཤུགས་ནི། གཟུགས་འདས་རིག་པ་དང་ཆོས་ལུགས་པ་ཚོའི་ངོས་ནས་བཤད་ན་དགེ་བ་ཞེས་ཐོག་མ་ཉིད་ནས་ཡོད་པའི་ལྷའི་དགོངས་པ་སོགས་ཡིན་པར་འདོད་ཅིང་། སྤྱི་ཚོགས་རིག་པའི་ཁྱབ་ཁོངས་སུ་དེ་ནི་བླ་ན་མེད་པའི་དངོས་ཡོད་ཀྱི་ཀུན་སྤྱོད་ཕུང་པོ་ཞིག་སྟེ། སྤྱི་ཚོགས་སམ་ཐུན་མོང་གི་ཤེས་བ་ཞིག་ཏུ་འདོད། ཡང་མྱོང་བའི་སྟེང་ནས་བཤད་ན། ཀུན་སྤྱོད་ནི་མིའི་དབང་བོའི་མ་ལག་དང་ལུས་པོ་གཉིས་ཀྱི་ཁ་ཕྱོགས་སྟངས་ཤིག་སྟེ། དེས་མི་རྣམས་ལ་ཁོར་ཡུག་ངེས་ཅན་ཞིག་གི་འོག་ཏུ། ནང་སེམས་ཀྱི་ནུས་ཤུགས་ཤིག་གིས་ཚོད་འཛིན་བྱས་ཏེ་ཁ་ཕྱོགས་དང་ཚད་གཞི་ཡོད་པའི་སྒོ་ནས་འགུལ་སྐྱོད་བྱེད་དུ་བཅུག་པ་ཞིག་རེད། ནང་སེམས་ཀྱི་ནུས་ཤུགས་དེ་མི་རྣམས་ལ་ཐོག་མ་ཉིད་ནས་ཡོད་པ་ཞིག་མིན་ལ། ཁེ་ཕན་ཁོ་ན་ལ་དམིགས་ནས་བྱུང་པ་ཞིག་ཀྱང་མ་རེད། དེས་ན་དེ་ནི་ཇི་ལྟར་བྱུང་པ་རེད་ཅེ་ན། དེ་ནི་རིག་གནས་ཀྱི་ཁོར་ཡུག་ངེས་ཅན་ཞིིག་གི་ནང་དུ་སྦྱོང་བརྡར་བྱས་པ་ལས་བྱུང་བ་ཞིག་གོ། སྤྱི་ཚོགས་གང་དང་གང་ཡིན་ཡང་། མི་རྣམས་ཀྱི་ནང་སེམས་ཀྱི་འདོད་པ་དང་། རེ་སྨོན། བསམ་བློ་སོགས་ནི་མ་ལག་རང་བཞིན་ལྡན་པའི་ཕུང་པོ་ཁྱད་པར་བ་ཞིག་ཏུ་འགྱུར་པས། དེ་ལ་སེམས་ཁམས་རིག་པའི་ནང་དུ་བསམ་བློ་འདུ་ཤེས་(sentiment)ཞེས་བྱའོ། །བསམ་བློ་འདུ་ཤེས་ཀྱིས་མི་རྣམས་ཀྱིས་རང་གི་མི་རིགས་དང་གཉེན་ཉེ། འཚོ་བ་རོལ་ས། ཉེ་འཁོར་གྱི་དངོས་པོའི་ཡོ་ཆས། ལས་དོན་སྒྲུབ་ཡུལ་སོགས་དང་། ལྷ་པ་དང་ཆོས་པ་སོགས་གཟུགས་འདས་རིག་པ་བ་རྣམས་ཀྱིས་དངོས་སུ་ཡོད་པར་འདོད་པའི་དངོས་པོ་སོགས་ཚང་མ་ལ་བཟུང་པའི་རྣམ་འགྱུར་ཐག་གིས་བཅད་པ་རེད། རིན་ཐང་ལྟ་བ་དང་བསམ་བློ་འདུ་ཤེས་དེ་དག་ཆགས་ཚར་རྗེས་དེས་མིའི་སྤྱོད་ལམ་ལ་ཐད་ཀར་ཚོད་འཛིན་བྱེད་པས་ན། མི་ལ་ལས་འཆི་བ་ཡག་པོར་ལྟ་བ་དང་། ལ་ལས་དཀའ་ངལ་བདེ་བར་སྒོམ་པ། ལ་ལས་འདོད་ཆུང་ཆོག་ཤེས་ཐུབ་པ་སོགས་བྱུང་བ་ཡིན་ནོ། །དེ་བས་མིའི་རང་བྱུང་གི་བསམ་སྤྱོད་ལ་ཚོད་འཛིན་བྱེད་པའི་ནུས་ཤུགས་དེ་ནི་སྒྲིག་འཛུགས་དང་མ་ལག་ཅན་དུ་གྱུར་ཟིན་པའི་འདོད་པ་དང་རེ་སྨོན་ཀྱི་ཕུང་པོ་གཞན་ཞིག་ལས་བྱུང་བ་དང་འདོད་པ་དང་རེ་སྨོན་དེ་དག་ནི་བསམ་བློ་འདུ་ཤེས་ལག་ལེན་དུ་བསྟར་བའི་རྒྱུད་རིམ་ཁྲོད་དུ་བསྐང་བ་རེད།
        བསམ་བློ་འདུ་ཤེས་དང་རིན་ཐང་ལྟ་བ་ནི་ནམ་རྒྱུན་སྤྱི་ཚོགས་ཤིག་གི་རིག་གནས་ཀྱི་རྨང་གཞིི་བྱས་ཏེ་གྲུབ་པ་ཡིན་ལ། དེ་ནི་མིའི་ལུས་དང་སེམས་ཀྱི་ཕུང་པོ་ལ་རིམ་པ་རེ་རེ་བཞིན་ཤན་ཞུགས་དང་ཚོད་འཛིན་ཐེབས་ཏེ་དུས་ཡུན་རིང་པོའི་ནང་རིམ་གྱིས་གོམས་ཤིང་གྲུབ་པ་ཞིག་རེད། དེར་ཡང་སྤྱི་ཚོགས་ཀྱི་རྩ་འཛུགས་ལ་རྣམ་པ་སྣ་ཚོགས་པ་ཞིག་ཡོད་པ་ལས། ལ་ལ་ནི་ཡེ་ཤུའི་ཆོས་ཚོགས་དང་། ཨི་ཟི་རལ་གྱི་ལྷན་ཚོགས། བཙན་རྒྱལ། རྒྱལ་དར་། གཞན་མཚོན་དར་དང་འབོད་ཚིག་སྣ་ཚོགས་ལྟ་བུ་སོགས་ནི་འཛམ་གླིང་ཡོངས་ལ་ཁྱབ་ཡོད། མཚོན་དར་དང་འབོད་ཚིག་དེ་དག་གི་ནང་དུ་ནམ་རྒྱུན་ནང་དོན་རྒྱ་ཆེ་ཞིང་ནུས་པ་མངོན་པར་གསལ་བའི་དངོས་ཡོད་རིག་གནས་མང་པོ་ཞིག་འདུས་ཡོད།
        དེ་བས། ཀུན་སྤྱོད་ཀྱི་འདུ་ཤེས་ནི་དེ་སྔོན་ཚོད་འཛིན་ཐེབས་ཟིན་པའི་ནང་སེམས་ཀྱི་སྣང་ཚུལ་ཤིན་ཏུ་རྙོག་འཛིང་ཆེ་བ་ཞིག་རེད། དེ་ཉིད་གྲུབ་པའི་རྒྱུད་རིམ་མམ། ཡང་ན་མི་སྒེར་ལ་རིག་གནས་ཀྱིས་ཤན་ཞུགས་པའི་རྒྱུད་རིམ་ཁྲོད། ང་ཚོས་ཀུན་སྤྱོད་ཀྱི་བཅུན་ཤུགས་ཞེས་པ་ཞིག་ཡོད་པར་འགྲེལ་ཆོག་ལ། བཤད་ཚུལ་འདི་ནི་སྤྱི་ཚོགས་ཀྱིས་མི་སྒེར་ལ་ཐད་ཀར་ནུས་པ་རེ་ཐོན་པའམ་ཡང་ན་གཟུགས་འདས་རིག་པའི་བསམ་བློས་ཤུགས་རྐྱེན་རེ་ཐེབས་པར་འདོད་པ་ལྟ་བུ་མ་ཡིན་ནོ། །  


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1