དུས་ཀྱི་ཁུགས་སོ་རེ་ན།།
མཛེས་པའི་ངོ་གདོང་རེ་རེ།།
དབྱར་དགུན་སྟོན་དཔྱིད་མེད་པར།།
རང་བྱུང་མཛེས་པས་ཕྱུག་རེད།།
སྟོན་གྱི་དུས་ཚོད་གཅིག་ལ།།
སྐུ་བླ་སྲིད་པའི་རྒྱན་རེད།།
སྟོན་གྱི་སྐུ་བླའི་ཡུལ་ཁམས།།
གནས་མཆོག་གང་གི་ཡན་རེད།།
གངས་རི་མིག་ལ་མཛེས་སོང་།།
གཙང་ཆབ་སེམས་སུ་བཞུར་འགྲོ།།
སྟོན་གྱི་དུས་ཚོད་གཅིག་ལ།།
བྱ་ཞིག་ཡིན་ན་བསམ་བྱུང་།།
གཤོག་ཟུང་སྤྲིན་པར་སྡེབ་ཞོར།།
སྐུ་བླའི་ཡུལ་དུ་ལོག་འགྲོ།།
ནམ་ཟླ་སྟོན་གྱི་དུས་འདིར།།
སྐུ་བླར་འཇའ་ཚོན་རང་རེད།།
ཡུལ་ཁམས་སྟོན་གྱིས་བཅུམ་དུས།
སྐུ་བླར་རྣམ་པར་བཀྲ་བྱུང་།།
ཆར་རྗེས་འཇའ་ཚོན་མཛེས་མཛེས།།
སྐུ་བླ་སྟོན་ན་འཚེར་རེད།།
ཞོགས་པའི་ཉི་འོད་ཁུགས་ན།།
སྐུ་བླ་སེར་པོ་གསེར་རེད།།
དྭངས་བསིལ་མཚོ་མོའི་འགྲམ་ནས།།
སྐུ་བླ་གཡུ་རུ་སེམས་སོང་།།
འཕྲུལ་གྱི་པུར་ལ་ཐོགས་པ།། སྐུ་བླ་རི་བོ་མིན་ན།།
རི་བོ་སྐུ་བླ་རང་ཉིད།། པུར་གྱི་སྣེ་ནས་འབྱོན་མིན།།
འབྲས་བཟང་སྟོན་ན་སྨིན་སྨིན།།
སྐུ་བླ་འབྲུ་ལྔའི་མཛོད་རེད།།
སྲིད་གསུམ་ཟས་ཀྱི་དྭངས་མ།།
སྐུ་བླའི་ཁྱོན་ན་རང་བྱོན།།
སྟེང་ན་ནམ་མཁའ་མཛེས་སོང་།།
བར་ན་སྤྲིན་པ་མཛེས་སོང་།།
ས་སྲོད་ཉི་འོད་ཕོག་པས།།
བར་སྣང་ཀུན་ལས་མཚར་སོང་།།
སྟོན་གྱི་དུས་ཚིགས་འདི་རུ།།
རི་བོ་སྐུ་བླའི་པང་ནས།།
སྡོད་པའི་བསྐལ་རེ་བྱུང་ན།།
འཇིག་རྟེན་ཕུན་ཚོགས་ཀུན་འདུས།།
བདེ་བར་ལོངས་སུ་སྤྱད་དེ།།
དགའ་བདེའི་དཔལ་གྱིས་བཟི་ཆོག།
(པར་ཁུངས། རྔ་བའི་འཕྲིན་སྟེགས། ཨོ་རྒྱན་བཀྲ་ཤིས་ཀྱིས་བྲིས། )