ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི། དམག་ཨུའི་མཉམ་འབྲེལ་དམག་འཐབ་བཀོད་འདོམས་པུའུ་ཡི་སྤྱི་ཁྱབ་བཀོད་འདོམས་པ་ཞི་ཅིན་ཕིང་གིས་ཚེས་གསུམ་ཉིན་དམག་ཨུའི་མཉམ་འབྲེལ་དམག་འཐབ་བཀོད་འདོམས་ལྟེ་གནས་ལ་གཟིགས་བཤེར་མཛད་དེ། སྐབས་གསར་པའི་དམག་ཨུའི་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལག་བསྟར་དངོས་འབེབས་བྱེད་པ་དང་། དམག་ཡོངས་ཀྱི་བྱ་བ་སྣ་ཚོགས་དམག་འཁྲུག་རྒྱག་ནུས་པ་དང་དམག་འཁྲུག་ལས་རྒྱལ་ཁ་ལེན་ཐུབ་པའི་ཕྱོགས་སུ་དམིགས་པའི་རྣམ་འགྱུར་གསལ་པོ་བསྟན། ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཏང་གི་དུས་རབས་གསར་པའི་དམག་དར་དམིགས་འབེན་མངོན་འགྱུར་བྱེད་དགོས་པ་དང་། མི་དམངས་དམག་དཔུང་དེ་འཛམ་གླིང་དམག་དཔུང་རྩེ་གྲ་རུ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་དགོས་ན། ངེས་པར་དུ་དམག་འཁྲུག་རྒྱག་ནུས་པ་དང་དམག་འཁྲུག་ལས་རྒྱལ་ཁ་ལེན་ཐུབ་པའི་གནད་འགག་འདི་དམ་དུ་བཟུང་ནས། དམག་འཁྲུག་ལ་གྲ་སྒྲིག་བྱེད་པའི་ཐད་ཤུགས་སྣོན་ཆེན་པོ་བྱེད་དགོས། དམག་ཡོངས་ཀྱིས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་མོ་བྱེད་པ་དང་། དུས་རབས་གསར་པའི་ཏང་གི་དམག་དར་བསམ་བློ་སློབ་སྦྱོང་དང་ལག་བསྟར་ཟབ་མོ་བྱེད་པ། གསར་བབ་གསར་པའི་འོག་གི་དམག་དོན་འཐབ་ཇུས་བྱེད་ཕྱོགས་ལག་ལེན་མཐར་ཕྱིན་བྱེད་པ་བཅས་བྱས་ཏེ། འགན་འཁྲིའི་ཁག་ཁུར་ཇེ་དྲག་ཏུ་གཏོང་བ་དང་། བཅོས་སྒྱུར་གསར་སྐྲུན་ཇེ་དྲག་ཏུ་གཏོང་བ། བྱ་བའི་དངོས་འབེབས་ཇེ་དྲག་ཏུ་གཏོང་བ་བཅས་བྱས་ནས། དུས་རབས་གསར་པའི་དམག་འཁྲུག་གྲ་སྒྲིག་གི་ནུས་པ་ཕྱོགས་ཡོངས་ནས་ཇེ་མཐོར་བཏང་སྟེ། བརྒྱ་ལོ་གཉིས་ཀྱི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པ་དང་། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པར་འཐབ་ཇུས་ཀྱི་རྒྱབ་རྟེན་འདོན་སྤྲོད་བྱེད་དགོས།
ཆུ་ཚོད་བཅུ་ཡས་སུ། ཞི་ཅིན་ཕིང་སྤྱི་ཁྱབ་བཀོད་འདོམས་པའི་འདུག་གནས་སུ་བཞུགས་ཏེ། བརྙན་རིས་བརྒྱུད་དེ་འཐབ་ཕྱོགས་དང་པོའི་དམག་དཔུང་གི་དཔོན་རིགས་ལ་གླེང་མོལ་མཛད། ཁོང་གིས་ཏང་ཀྲུང་དབྱང་དང་ཀྲུང་དབྱང་དམག་ཨུའི་ཚབ་མཛད་དེ་དམག་དཔུང་གི་དཔོན་དམག་རྣམས་ལ་བརྩེ་བའི་འཚམས་འདྲི་ཞུས།