བོད་ཀྱི་ལོ་རྒྱུས་བྱིས་པའི་དགའ་སྟོན།

ཐུབ་བསྟན་ཕུན་ཚོགས་ཀྱིས་བརྩམས། ཀརྨ་བསོད་ནམས་དང་ཡོན་ཏན་བཟང་པོས་རི་མོ་བྲིས། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 08-25


ལེའུ་བརྒྱད་པ།
གཙང་པ་རྒྱལ་པོའི་སྐབས།
1618-1642
ལྕགས་ཁྱི་ཕུན་ཚོགས་རྣམ་རྒྱལ་གྱིས། །
དབུས་ཀྱི་ཕྱོགས་སུ་དཔུང་འཇུག་བྱས། །
རྒྱལ་བ་ཡོན་ཏན་རྒྱ་མཚོ་ཡིས། །

མངོན་སྤྱོད་བསྒྲུབས་ཀྱང་ནུས་མཐུ་རྡུག །

        སྤྱི་ལོ་1605ལོར་ཀརྨ་བརྟན་སྲུང་དབང་པོས་འཕན་ཡུལ་ལ་དཔུང་འཇུག་བྱས། རབ་བྱུང་བཅུ་པའི་ལྕགས་ཁྱི་སྤྱི་ལོ་1610ལོར་ཞིང་ཤག་པའི་སྲས་ཀརྨ་ཕུན་ཚོགས་རྣམ་རྒྱལ་གྱིས་རང་ཉིད་ཀྱི་གཉེན་ཚན་ཡར་རྒྱབ་པ་བདུད་འདུལ་གྲགས་པ་ལ་དམག་དྲངས་ནས་ཡར་རྒྱབ་བཟུང༌། དེའི་ཕྱི་ལོར་གཙང་པའི་སྲིད་ཀྱི་འགན་བཞེས། སྤྱི་ལོ་1612པའི་ཆུ་བྱི་དང་སྤྱི་ལོ་1613པའི་ཆུ་གླང་ལོར་ཕུན་ཚོགས་རྣམ་རྒྱལ་གྱིས་དཔུང་གིས་སྦྱོར་བ་ལ་བརྟེན་ནས་དབུས་ཕྱོགས་འཕན་པོ་དང་གཞིས་ཀ་སྣེའུ་སོགས་བླངས་ཏེ་གཙང་པས་གཞི་རྩའི་ཐོག་ནས་དབུས་གཙང་ཡོངས་ལ་དབང་སྒྱུར་བྱས། ཏཱ་ལའི་བླ་མ་སྐུ་ཕྲེང་བཞི་པ་ཡོན་ཏན་རྒྱ་མཚོས་གཙང་པ་ལ་མངོན་སྤྱོད་དྲག་པོའི་ལས་སྦྱོར་གནང་ཡང་གཙང་པ་ལ་གནོད་པ་ཞིག་བྱུང་། སྤྱི་ལོ་1616ལོར་རྒྱལ་བ་ཡོན་ཏན་རྒྱ་མཚོ་སྐུ་གཤེགས། གཙང་པ་རྒྱལ་པོས་རྒྱལ་བའི་ཡང་སྲིད་ངོས་འཛིན་བྱེད་མི་ཆོག་པ་དམ་བསྒྲགས་བྱས[རྒྱལ་བའི་ཡང་སྲིད་སླར་ཡང་སོག་ཡུལ་ནས་བཙལ་དོག་གིས་བཀག་བསྡོམས་གནང་ཡོད་པར་འདྲ།]།དུས་དེར་གཙང་པ་རྒྱལ་པོ་ལ་ནད་ལྕི་པོར་ཞིག་ཕོག་པར་སྨན་བཅོས་དང་རིམ་འགྲོ་གང་གིས་ཀྱང་ཕན་སྐྱེད་མ་བྱུང་བའི་སྐབས་སུ་པཎ་ཆེན་བློ་བཟང་ཆོས་རྒྱན་གྱིས་རིམ་གྲོ་མཛད་པས་ནད་ལས་གྲོལ། པཎ་ཆེན་རིན་པོ་ཆེས་གོ་སྐབས་དེ་དང་བསྟུན་ནས་རྒྱལ་བའི་ཡང་སྲིད་ངོས་འཛིན་ཆོག་པའི་རེ་བ་ནན་ཞུས་བྱས་མཐར། གཙང་པ་རྒྱལ་པོའི་བཀའ་འཁྲོལ་ལྟར་པཎ་ཆེན་རིན་པོ་ཆེ་དང་། འབྲས་སྤུངས་དགའ་ལྡན་ཕོ་བྲང་པའི་སྐུ་ཚབ་སོགས་ཡང་སྲིད་བརྩད་ཆེད་དུ་སྣ་དཀར་རྩེར་ཕེབས། སྤྱི་ལོ་622པའི་ཆུ་ཁྱི་ལོར་ཡང་སྲིད་དགུང་ལོ་དྲུག་ལ་སོན་པ་ངོས་འཛིན་ཞུས་ཏེ་འབྲས་སྤུངས་སུ་གདན་དྲངས། །
མེ་སྦྲུལ་སྐྱིད་ཤོད་སྡེ་དཔོན་གྱིས། །
གཙང་དམག་འདུལ་ཆེད་སོག་དམག་བཀུག །
འཕགས་པའི་སྐུ་རྟེན་དམག་ཡོན་ཕུལ། །
ལོ་དེར་སོག་དམག་དབུས་སུ་འབྱོར། །
བྱང་ཁམས་ཐམས་ཅད་དབང་དུ་བྱས། །
ལྷ་སའི་གཙུག་ལག་དམག་གིས་བཟུང་། །
ཤར་ཕྱོགས་ཇ་ལའི་འགྲུལ་ཟམ་བཅད། །
མདོ་ཁམས་བྱ་དྭགས་ཀོང་གསུམ་དང་། །
དབུས་གཙང་དད་ལྡན་ཆོས་ལམ་བཀག །

        དུས་དེར་བོད་དབུས་གཙང་དུ་ཡར་སྐུ་གཙང་གསུམ་མངའ་ཐང་རྒྱས་པའི་སྒང་ཡིན་ལ་དེའི་ནང་ནས་ཀྱང་གཙང་པ་ནི་སུས་ཀྱང་འགྲན་ཟླ་མེད་པ་རིམ་བཞིན་ལྷ་ས་སོགས་སྐྱིད་སྨད་རྣམས་དང༌། ཡར་རྒྱབ་པའི་མངའ་རིས་རྣམས་ཀྱང་དབང་སྒྱུར་བྱས་པ་བཅས་ལ་བརྟེན། དགེ་ལུགས་པའི་སྦྱིན་བདག་སྐྱིད་ཤོད་སྡེ་པ་བསོད་ནམས་རྣམ་རྒྱལ་གྱིས་སོག་པོ་ཁལ་ཁ་ཆོ་ཁུར་དཔོན་པོ་སྐུ་མཆེད་གཉིས་ལ་རྩེ་པོ་ཏ་ལར་བཞུགས་པའི་འཕགས་པ་ལོ་ཀེ་ཤྭ་ར་འབུལ་རྟེན་དུ་བྱས་ནས། གཙང་པ་ལ་དམག་རྒྱག་དགོས་པའི་རེ་སྐུལ་བྱས་པ་ལ་བརྟེན་ནས་སྤྱི་ལོ་1617པའི་མེ་སྦྲུལ་གྱི་ལོ་མཇུག་དེར་སོག་པོ་ཁལ་ཁ་ཆོ་ཁུར་དཔོན་པོ་སོགས་འགྲུལ་ཚན་དང༌། དམག་ཕོན་ཆེན་འབྱོར།《གཙང་པའི་རྒྱལ་རབས་》ལས། “ཧོར་སོག་ཀླ་ཀློའི་དམག་ཚན་པོ་ཆེ་བོད་དུ་ལུད། བྱང་ཁམས་ཐམས་ཅད་དམག་གིས་བཅོམ། ལྷ་ས་གཙུག་ལག་ཁང་ཡང་ཧོར་སོག་གིས་བཟུང་ནས་རྒྱ་གར་གྱི་ཛོ་ཀིམདོ་ཁམས་བྱར་དྭགས་ཀོང་གསུམ་དབུས་གཙང་སོགས་དད་ཆེན་གནས་སྐོར་པ་རྣམས་ཀྱང་ཇོ་བོ་ཤཱཀྱ་ལ་གསོལ་བ་རྒྱང་ནས་འདེབས་པ་མ་གཏོགས་སྐོར་བ་སྨོན་ལམ་སོགས་དགེ་བའི་ལས་རྣམས་བགྱིད་མ་ཐུབ། ཤར་གྱི་ཇ་ལའི་འགྲུལ་གྱི་གསེར་ཟམ་ཡང་ཆད་པ་སོགས་དུས་ཤིན་ཏུ་མི་བདེ་བས་མི་ཐམས་ཅད་གནས་ཡུལ་གཞན་དུ་བྲོས་བྱོལ་འགྲོ་བར་རེའི་སྐབས་སུ།”ཞེས་གསལ་བ་ལྟར་རོ། །

སྐབས་དེར་དབུས་སོག་གཉིས་ཀྱི་དམག་དཔུང་དང་སེར་འབྲས་ཀྱི་གྲྭ་དམག་བཅས་པ་དཔུང་སྡེབ་བྱས་ནས་ལྷ་སར་བསྡད་པའི་གཙང་པའི་མི་དྲག་དང༌། དམག་དཔོན། དབུས་ཕྱོགས་སོ་སྲུང་དམག་མི་སོགས་ལ་ཕར་རྒོལ་གྱི་ཇུས་ཉེས་ཆེར་བཏང་བས། གཙང་པས་དམག་གི་དཔུང་ཆེན་བསྡུས་ཏེ་གཡུལ་སྤྲད་པས་དེ་དག་གིས་རྒོལ་ལན་སློག་མ་ནུས་པར་དབུས་སོག་སེར་འབྲས་ཀྱི་གྲྭ་དམག་དང་བཅས་པ་བྱང་སྟག་ལུང་དུ་བྲོས་བྱོལ་བྱས་ནས་ཟླ་ཤས་བར་དེར་འདུག་དགོས་པར་བྱུང་ཡོད་པ་དེ་ནི་དབུས་སོག་གཉིས་མཉམ་འབྲེལ་གྱིས་གཙང་པ་ལ་ཕར་རྒོལ་བྱས་པ་ཐེངས་དང་པོ་དེ་རེད། །
ས་རྟ་ཕུན་ཚོགས་རྣམ་རྒྱལ་གྱིས། །
རྐྱ་རྐང་གཡུལ་གྱི་དཔུང་ཆེན་གཤམས། །
ལྷ་སའི་སོག་དམག་མཐར་བསྐྲད་གཏོང་། །
ས་ཕོ་རྟའི་ལོར་སྤྱི་ལོ་1618ལོར་ས་སྐྱོང་མིའི་དབང་པོ་ཕུན་ཚོགས་རྣམ་པར་རྒྱལ་བས་ཕས་ཀྱི་རྒོལ་བ་ཚར་གཅོད་པའི་རྐྱ་དམག་དང་། རྐང་དམག་གི་གཡུལ་ཆེན་པོ་བཤམས་ཏེ་དམག་དཔུང་ཁྲི་ཕྲག་གཅིག་ཙམ་སྟོད་ལུང་མདར་ཕབ། ལྷའི་དམག་ཚོགས་ས་ལ་འཕོས་པ་ལྟ་བུའི་གཟི་བརྗིད་ཀྱིས་མཐའ་དམག་རྣམས་ཚར་བཅད། སོག་དམག་དང་སེར་འབྲས་དམག་དཔུང་ལྷན་ཅིག་ཏུ་གཙང་པའི་དམག་དཔུང་ལ་ངོ་རྒོལ་བྱས་པས། གཙང་པའི་དམག་དཔུང་གིས་སོག་དམག་ལྷ་ས་ནས་མཐར་བསྐྲད་སེར་འབྲས་ཀྱི་གྲྭ་དམག་འདུལ། །
དབུས་གཙང་མདོ་ཁམས་སྒང་དྲུག་དང་། །
ལྷོ་མོན་ཁ་བཞི་བདེ་ལ་བཀོད། །
རྫོང་དང་རྫོང་ཕྲན་གཏན་འབེབས་གནང་། །
གཙུག་ལག་ཁང་ལ་ཞིག་གསོས་དང་། །
མཐའ་འདུལ་ཁག་ལ་མཆོད་རྒྱུན་སྤེལ། །
འབའ་རེངས་བསྟན་བཤིག་དགེ་སྦྱོང་རྣམས། །
ཆོས་སྡེ་ཁག་ནས་གནས་དབྱུངས་གཏོང་། །
དུས་དེར་སེར་འབྲས་གླིང་ལོག་བྱུང་། །

        གཙང་པ་རྒྱལ་པོས་བོད་ཁམས་ཡོངས་ལ་དབང་བསྒྱུར་བྱས་ཤིང་། ཕྱོགས་མཚམས་ཀྱི་མི་སྲུན་པ་རྣམས་ཚར་བཅད། བཀའ་ཁྲིམས་བཟང་པོས་རྒན་མོ་གསེར་ཁུར་གྱི་དུས་འཇམ་དར་ཡུག་གཅིག་ཏུ་བརྐྱངས། དབུས་གཙང་རུ་བཞི། མདོ་ཁམས་སྒང་དྲུགལྷོ་མོན་ཁ་བཞི་སོགས་མདོར་ན་སྟོད་ཛཱ་ཏི་དབྱུག་པས་བརྡུངས་ས་ནས། སྨད་རྒྱ་མོ་དར་ཟབ་འཐག་ས་ཡན་རང་ཞབས་སུ་བཅུགགཞིས་ཀ་བསམ་འགྲུབ་རྩེས་གཙོས་པའི་རྫོང་ཆེན་བཅུ་བཞི། སའི་མེ་བཙའ་གནོན་པའི་རྫོང་ཕྲན་སོགས་ཞལ་འཛིན་གྱིས་སྐྱོང་བ་རྣམས་མ་གཏོགས། རྫོང་ས་བཙན་གྱི་རིགས་རྣམས་མ་འོངས་པར་དུས་ཟིང་གི་རྒྱུར་འགྲོ་བར་དགོངས་ནས་ཐམས་ཅད་རྨང་མེད་པར་བཤིགཤིང་ཆ་རྣམས་ལྷ་སས་གཙོས་གཙུག་ལག་ཁང་རྣམས་ཀྱི་ཞིག་གསོས་དང་གྲུ་ཟམ་སོགས་ཀྱི་རྒྱུར་གནང༌། ལྷ་སར་ཇོ་ཤཱཀྱ་རྣམ་གཉིས་ཀྱི་དྲུང་དུ་མཆོད་སྤྲིན་རབ་འབྱམས་རྒྱ་མཚོའི་ཚོགས་དཔག་ཏུ་མེད་པ་ཁོར་ཡུག་སྟར་ཆགས་སུ་འཛུགས་པ་མཛད། མཐའ་འདུལ་ཡང་འདུལ་གྱི་གཙུག་ལག་ཁང་སོགས་སུའང་མཆོད་པ་རྒྱ་ཆེར་གནང༌། སེར་འབྲས་དགེ་གསུམ་གྱིས་གཙོས་པའི་ཆོས་སྡེ་རྣམས་ཀྱི་འབའ་རེངས་པ་བསྟན་བཤིག་རྣམས་གནས་ནས་དབྱུངས། རབ་བྱུང་གནས་བརྟན་དགེ་འདུན་མཁས་ཤིང་བཙུན་པ་རྣམས་བསྡུས་ནས་བསྟན་པའི་གད་བདར་དང་སྡེ་དགོན་བསྟན་པ་ཉམས་ཆག་ཏུ་གྱུར་པ་རྣམས་ཀྱི་ཁ་གསོའི་དབུ་ཚུགས། །

ལྕགས་སྤྲེལ་གཙང་པ་རྒྱལ་པོའི་སྲས། །
བསྟན་སྐྱོང་དབང་པོ་སྲིད་ཁྲིར་འཁོད། །
གཙང་སྲིད་ལོ་ངོ་ཉེར་བཞིའི་རིང་། །
ཆོས་སྲིད་ཟུང་འབྲེལ་ལམ་སྲོལ་ཆད། །
རྒྱལ་པོའི་ལམ་ལུགས་བསྐྱར་དུ་དར། །
མཐའ་དམག་འདུལ་ཞིང་མངའ་འབང་བསྐྱངས། །
        དེ་ནས་ཀརྨ་བསྟན་སྐྱོང་དབང་པོ་དགུང་ལོ་བཅོ་ལྔ་པ་ལ་རྒྱལ་ཁབ་ཆེན་པོ་བསམ་འགྲུབ་རྩེའི་གདན་སེང་གེའི་ཁྲིར་ཕེབས། རྗེ་བཙུན་དམ་པ་ཀུན་དགའ་སྙིང་པོས་བཀྲ་ཤིས་མངའ་གསོལ་རྟེན་འབྲེལ་མཐའ་དག་བསྒྲིག་པར་མཛད། ཀརྨ་པ་ཡབ་སྲས་ཀྱིས་བོད་ཆོས་རྒྱལ་གྱི་ལུང་གནང༌། ཁྲི་འདོན་མངའ་གསོལ་བསམ་གྱིས་མི་ཁྱབ་པ་མཛད། དབུས་གཙང་གི་ཆེ་དགུ་ཐམས་ཅད་ཀྱིས་ཞབས་ལ་བཏུད། དགའ་སྟོན་ལོངས་སྤྱོད་བསམ་གྱིས་མི་ཁྱབ་པ་མཛད་ཅིང༌། སྤྱི་བོ་གནམ་བསྟན་བོད་རྩམ་ཟན་ཐམས་ཅད་ཀྱི་རྒྱལ་པོར་གྱུར་པའོ། དེ་ནས་སྤྱི་ལོ་1642ལོའི་བར་བོད་ཀྱི་རྒྱལ་པོ་བྱས། གཙང་པ་རྒྱལ་པོ་ཡབ་སྲས་ཀྱིས་ལོ་ངོ་ཉེར་བཞིའི་རིང་བོད་སྲིད་བསྐྱངས་སྐབས་རྒྱལ་པོའི་ལམ་ལུགས་བསྐྱར་དུ་དར་བས་ཆོས་སྲིད་ཟུང་འབྲེལ་གྱི་ལམ་ལུགས་མེད་པར་གྱུར། དེའི་ཕྱི་ལོར་རྒྱལ་བ་ལྔ་པའི་ཕྱག་མཛོད་བསོད་ནམས་རབ་བརྟན་གྱིས་ཏཱ་ལའི་བླ་མ་སྐུ་གོང་མའི་སྐུ་ཆས་ལེན་པར་འགྲོ་བ་ལ་ཁ་གཡར་ནས་ལྐོག་ཏུ་ཀོང་པོ་དང༌། ནགས་ཤོད་བརྒྱུད་མཚོ་སྔོན་དུ་ཕྱིན་ནས་ཡུལ་དེའི་དཔོན་རིགས་ཧོང་ཐའི་ཇི་དང༌། ཧོང་ཇིང་གི་རྒྱལ་པོའི་གདུང་བརྒྱུད་ལྷ་བཙུན་བློ་བཟང་བསྟན་འཛིན་སོགས་ལ་དམག་རོགས་དགོས་པའི་རེ་བ་ཞུས། སྤྱི་ལོ་1621པའི་ལྕགས་བྱ་ལོར་ཕྱག་མཛོད་བསོད་ནམས་རབ་བརྟན་དང༌། སོག་པོ་ལྷ་བཙུན་བློ་བཟང་བསྟན་འཛིན་སོགས་དཔོན་དམག་ཉིས་སྟོང་ལྷག་ཙམ་དབུས་སུ་ཡོང༌། སྐྱིད་ཤོད་ལུང་པར་གནས་བཅས། ལྷ་ས་ཟིན། ཇོ་ཤཱཀྱ་རིན་པོ་ཆེའི་མཆོད་སྤྲིན་ལོ་གཉིས་བཅགདུས་དེར་སྡེ་པ་སྐྱིད་ཤོད་པའི་དམག་དཔུང་དང་སོག་པོའི་རྟ་དམག་མཉམ་བསྡེབས་ཀྱིས། དབུས་ཕྱོགས་སུ་བཅའ་སྡོད་བྱེད་པའི་གཙང་པའི་དམག་དཔུང་དང་འཐབ་འཁྲུག་དྲག་པོ་བྱས། གཙང་དམག་ཆིག་སྟོང་ལྷག་ཙམ་བསད་རྨས་ཐེབས་ཏེ་ཕམ་ཉེས་ཆེན་པོ་བྱུང་བ་དང༌། ཁོ་ཚོ་ལྕགས་པོ་རིའི་རྩེར་བྲོས་ནས་བཙན་ས་བཟུང༌། འོན་ཀྱང་དབུས་སོག་དམག་དཔུང་གིས་ལྕགས་པོ་རིའི་མཐའ་ནས་བསྐོར་ཏེ་དམག་གི་ཡོ་བྱད་དང༌། ཆུ་ལམ་བཀག་པར་བརྟེན་གཙང་དམག་རྣམས་ལ་བཟའ་བཏུང་མེད་པའི་དཀའ་ངལ་ཆེན་པོར་གྱུར་ཏེ་མགོ་འདོགས་བྱེད་པ་ལ་ཉེ་བའི་སྐབས་སུ་པཎ་ཆེན་སྐུ་ཕྲེང་བཞི་པ་བློ་བཟང་ཆོས་ཀྱི་རྒྱལ་མཚན། དགའ་ལྡན་ཁྲི་པ་དཀོན་མཆོག་ཆོས་འཕེལ། སྟག་ལུང་ཞབས་དྲུང་ངག་དབང་རྣམ་རྒྱལ་སོགས་ཀྱིས་གཙང་སོག་བར་འདུམ་མཛད་པས་འཁྲུག་པ་རེ་ཞིག་ཞི། དེ་ནས་གཙང་པ་རྒྱལ་པོས་ལྷ་སའི་གཙུག་ལག་ཁང་གི་རྟེན་དང་བརྟེན་པའི་བདག་སྐྱོང་གི་དབང་ཆ་པཎ་ཆེན་རིན་པོ་ལ་ཕུལ་ནས་ལོ་ངོ་བཅུ་གཅིག་ཙམ་གཙུག་ལག་ཁང་གི་བདག་གཉེར་པཎ་ཆེན་བླ་བྲང་ནས་གནང་སྲོལ་བྱུང་། དེའི་རྐྱེན་གྱིས་པཎ་ཆེན་རིན་པོ་ཆེ་དང་ཕྱག་མཛོད་བསོད་ནམས་རབ་བརྟན་གཉིས་ཀྱི་བར་དམ་སེལ་ཞིག་ཞུགས་ཡོད་ཚུལ་པཎ་ཆེན་རིན་པོའི་ཆེའི་རང་རྣམ་ལས་གསལ་བ་ལྟར་རོ། འདི་ནི་དབུས་སོག་མཉམ་འབྲེལ་གྱིས་གཙང་ལ་རྒོལ་ཐེངས་གཉིས་པ་དེ་ཡིན། །
ཡབ་ཆེན་རྒྱལ་པོའི་དགོངས་རྫོགས་སུ། །
དགོན་སྡེ་ཁག་ལ་ཞལ་གསོས་དང་། །
འདུས་སྡེ་ཁག་ལ་མཆོད་འབུལ་སྤྲོས། །

        དེ་ནས་ཡབ་རྒྱལ་པོའི་དགོངས་རྫོགས་སུ་རྟེན་བཞེངས་སྐོར་ལ། གྲུབ་མཐའ་རིས་མེད་དུ་དུས་མཆོད་དུས་ཇ་སོགས་ཀྱི་ཐེབས་སུ་ས་ཆ་ཡོང་འབབ་ཁྲི་ཚོ་འབུམ་ཚོ་སྦྱར་བ་གནང༌། ཡབ་རྒྱལ་པོའི་མཛད་པའི་འཕྲོས་ཞ་ལུ། སྣར་ཐར། ཐར་པ་གླིང༌། བསམ་སྡིངས་སོགས་བསྟན་པའི་ཞལ་གསོ་ལེགས་པར་གྲུབ་པ་མཛད། རྗེ་བཙུན་དམ་པ་ཀུན་དགའ་སྙིང་པོ་ལ་ཟབ་གནད་ཀྱི་ཆོས་སྐོར་རྣམས་ལེགས་པར་གསན་ནས་ཆོས་ཉིད་ཀྱི་དོན་ཐུགས་སུ་ཆུད། སྒར་ཆེན་འཛམ་གླིང་རྒྱན་རྒྱལ་ཁབ་ཆེན་པོར་སྤྱན་དྲངས་ཏེ་ཆིབས་བསུ་སེར་སྦྲེངས་སོགས། ཁྲི་འབུལ་སྟོང་འབུལ་གྱི་འབུལ་ཞབས་སོགས་བསམ་གྱིས་མི་ཁྱབ་པས་མཉེས་པར་མཛད་ཅིང༌། མཆོད་ཡོན་ཐུགས་ཡིད་གཅིག་འདྲེས་གནམ་ལ་ཉི་ཟླ་ཟུང་གཅིགས་ལ་མཆོད་ཡོན་རྣམ་གཉིས་གྲགས་པར་གྱུར་ཅིང༌། གཞན་ཡང་དཔལ་ལྡན་ས་སྐྱ་པ་ཆེན་པོའི་ཞལ་ངོ་རྣམས་དང༌། དཔལ་སྟག་ལུང་པ་སོགས་བོད་གངས་ཅན་གྱི་སྐྱེས་ཆེན་དམ་པ་རྣམས་ལའང་བཀའ་ཆོས་ཀྱི་གསན་པ་རྒྱ་ཆེར་མཛད་ཅིང༌། མཆོད་གཞིས་དགེ་རྒྱུན་ཡང་བརྒྱ་གྲངས་མང་པོ་འབུལ་སྦྱོར་མཛད། །

བརྗིད་ལྡན་བསམ་འགྲུབ་ཕོ་བྲང་ལ ། །
མི་དབང་དཔུང་གི་ཚོགས་བཅས་བརྗིད། །
ཁོར་ཡུག་ཡངས་པའི་ཚལ་བཞི་མཛེས། །
ཕྱོགས་བཞིར་མི་འགྱུར་རྫོང་བཞི་བཙན། །
            ཕོ་བྲང་གི་རྣམ་བཤད། 《གཙང་པའི་རྒྱལ་རབས་》ལས། གཞན་ཡང་ཞི་རྒྱས་དབང་དྲག་གི་མཛད་པ་སེམས་ཅན་གྱི་བདེ་ཐབས་འབའ་ཞིག་མཛད་པས་སྤྱིའི་དཔོན་གཙང་སྟོད་རྒྱལ་པོའི་མཚན་དོན་དང་མཐུན་ཞིང་ཆོས་ཀྱི་རྒྱལ་པོར་གྱུར་པ་ནི་ཤབ་དང་ཤོབ་མི་དགོས་པར་འདི་ཀའོ། །གདུང་རབས་འདི་ཉིད་རིམ་པར་བྱོན་པའི་ཕོ་བྲང་གི་ལྟེ་བ་ནི། རྒྱལ་ཁབ་ཆེན་པོ་བསམ་འགྲུབ་རྩེ་ཞེས་རྣམ་པར་རྒྱལ་བའི་ཁང་བཟང་དམ་པ་འདི་ཉིད་ཡིན་ལ་རི་རྒྱལ་རིན་ཆེན་སྤུངས་པ་འདྲ་བ་ཕྱོགས་བཞི་ནས་བྲག་སེང་གེ་འདྲ་བ་དྲུག་གིས་བཏེགས་པ། ཕྱིའི་སྒོ་ལྕོག་སེང་གེ་སྒོ་མོ། ལྕགས་རི་འོབས་མུ་ཁྱུད་རྣམས་ནི་སྲིན་པོའི་མཁར་ལྟར་བཙན་ཞིང་རྔམས་པ་དང༌། དགྲ་བོའི་མགོ་བོ་དང་རྒྱུ་མ། མ་རུངས་པ་ཁྲིམས་ལས་བསྒྲལ་པའི་མིག་དང་ལག་པའི་ཕྲེང་བ་སོགས་འཇིགས་ཤིང་སྐྱི་གཡའ་བ། བར་གྱི་སྒོ་ལྕོག་རྣམ་སྲས་ཀྱི་ཁང་བཟང་ལྟར་འབྲུ་རིན་པོ་ཆེའི་དཀོར་མཛོད་དང༌། རྡོ་ལེབ་ཟླ་བ་ལྟར་དཀར་བ་གཅལ་དུ་བཀྲམ་པའི་ར་བ་ཡངས་པ། ཕྱོགས་བཞིར་སྒོ་ཁང་བསིལ་ཁང་དང་སྐས་ཀྱིས་མཛེས་པ། ཕོ་བྲང་གི་ལྟེ་བ་ནི་ལྷའི་ཁང་བཟང་ལྟར་མཛེས་ཤིང་ལྟ་བས་མི་ངོམས་པ་གསེར་གྱི་རྒྱ་ཕུབས་དང་བྲེ་འགྱོགས་ཟ་རམ་བརྩེགས་ཀྱིས་མཛེས་པ། གསེར་གྱི་རྒྱལ་མཚན་དང་གདུགས་དང་འཕན་གྱིས་བརྒྱན་པ། སྐུ་གསུང་ཐུགས་རྟེན། དེ་བཞིན་གཤེགས་པའི་འཕེལ་གདུང་རིན་པོ་ཆེ་ལ་སོགས་པ་མཆོད་པའིབྱེ་བྲག་རོལ་མོའི་སྒྲས་དཔག་ཚད་ཀྱི་བར་ཁྱབ་པ་སོགས་བདེ་བ་ཅན་ནམ་མངོན་དགའི་ཞིང་ལྟ་བུའོ། །
        འཁོར་དང་ཁོར་ཡུག་གི་རྣམ་བཤད། 《གཙང་པའི་རྒྱལ་རབས།》ལས། གསེར་ཁྲི་དངུལ་ཁྲིའི་སྟེང་དུ་མི་དབང་ཆོས་ཀྱི་རྒྱལ་པོ་བཙུན་མོའི་ཚོགས་དང༌། མདུན་ན་འདོན་དང༌། རྒྱལ་ཕྲན་རྟ་པ་དྲུང་འཁོར་བསམ་གྱིས་མི་ཁྱབ་པའི་འཁོར་དང་བཅས་ཏེ་བཞུགས་པ་ནི། ལྷའི་དབང་པོ་བརྒྱ་བྱིན་གྱི་ཕོ་བྲང་ལྟ་བུ། ཕྱོགས་བཞིའི་བྱ་ར་བ་རྣམས་ཀྱི་བྱ་མ་རྟའི་ཚོགས་དང༌། རྒྱ་གར་རྒྱལ་པོ་ཨར་ག་པར་བྱ། རྒྱ་ནག་རྒྱལ་པོ། ས་ཐང་གོང་མ། སོག་པོ་གཞུང་དྲུག་སོགས་ཀྱི་གསེར་ཡིག་མི་སྣའི་ཚོགས་ནི་མེ་ཏོག་ཟིལ་དངར་ལ་བུང་བ་འདུ་བ་བཞིན་འཐིབས་སེ། ཁོར་ཡུལ་ཏུ་འདུ་བ་ཕོ་བྲང་གི་ཕྱོགས་བཞིའི་ཚལ་བཞི། ཤར་རྩེ་དཀར་ཚལ་ལག་མཐིལ་ལྟར་སྙོམས་ཤིང་ཉམས་དགའ་བ། ལྷོར་བཀྲ་ཤིས་དགེ་བའི་ཚལ་ཁང་བཟང་དང་ཁྲུས་ཀྱི་རྫིང་བུ་མེ་ཏོག་སྣ་ཚོགས་སྐྱེ་བའི་ལྡུམ་རར་བྱ་སྣ་ཚོགས་སྐད་སྙན་སྒྱུར་ཞིང་སྐྱིད་པ། ནུབ་དགའ་བ་ཚལ་བཟའ་ཤིང་ར་བས་ཡོངས་སུ་སྐོར་ཞིང་དགེ་འདུན་གྱི་ཀུན་དགའ་ར་བ་སོགས་བག་ཕེབས་པ། བྱང་ཆུ་གྲོང་དང་ཇ་ཚོ་ཚལ་སྨན་ལྗོངས་འབབ་ཆུས་བརྒྱན་ཅིང་ཡིད་དུ་འོང་བས་སྐོར་བའི་ཕོ་བྲང་འདི་ཉིད་ཀྱི་མ་ལག་ཏུ་གཏོགས་པ་ཤར་རྒྱལ་མཁར་རྩེ་སེང་གེ་གནམ་ལ་འཕྱོ་བ་ལྟ་བུ། པ་རྣམ་ལྷུན་གྲུབ་རྩེ་གནམ་ལ་ཟོ་བ་བཏགས་པ་ལྟ་བུ། གཞིས་ཀ་རིན་སྤུངས་ལྷུན་ཆགས་པ་སོགས་ཀྱིས་ཡོངས་སུ་སྐོར་ཞིང༌། །
ཕྱིའི་སོ་མཁར་གྱི་རྣམ་བཤད། 《གཙང་པའི་རྒྱལ་རབས་》ལས། ཕྱི་ལྕགས་རིའི་ཚུལ་དུ་ཤར་མི་འགྱུར་ཞིང་དྭགས་ཀོང་ནི་ཁ་གནོན་འོལ་དགའ་སྟག་རྩེ། ལྷོ་མི་འགྱུར་ཞིང་ཀློ་མོན་གྱི་ཁ་གནོན་དོ་བོ་རྫོང༌། ནུབ་མི་འགྱུར་ཞིང་བལ་པོ་རྒྱ་གར་གྱི་ཁ་གནོན་རྣམ་རྒྱལ་ལྷ་རྩེ། བྱང་མི་འགྱུར་ཞིང་ཧོར་སོག་རྒྱ་ནག་གི་ཁ་གནོན་གསང་སྔགས་བདེ་ཆེན་དང༌། གཞན་ཡང་ས་གནས་མེ་བཙའ་གནོན་པའི་རྫོང་མཁར་བཙན་མང་པོས་སྐོར་བའི་དབུས་སུ་བོད་ཀྱི་རྡོ་རྗེ་གདན་ལྷ་ས་འཕྲུལ་སྣང་གི་གཙུག་ལག་ཁང་དང༌། དགེ་འདུན་ཁྲི་ཕྲག་འདུ་བའི་ལྷ་སྡེ། མངའ་ཁུལ་མི་སྡེ་གྲོང་ཁྱེར་གནམ་གྱི་སྐར་མ་སར་ཆགས་པ་ལྟ་བུ། དགོས་འདོད་ཀྱི་གཞི་རྒྱ་བོད་འཕྲུལ་ཟམ་གྱི་ཚོང་འདུས་གང་ལ་གང་འདོད་དུ་འདུ་བ། ལོ་ཕྱུགས་རྟག་ཏུ་ལེགས་ཤིང་སྐྱ་རྒྱས་པ། བཀྲ་ཤིས་ཕུན་སུམ་ཚོགས་པ་ནི་ཆོས་ཀྱི་རྒྱལ་པོ་འདི་ཉིད་ཀྱི་སྐུ་བསོད་མངོན་པར་མཐོ་བའི་བཀའ་དྲིན་ལས་བྱུང་བ་འདི་ལགས་སོ། ཞེས་པ་ནི་གཙང་པའི་གདུང་རབས་ཀྱི་མ་ཡིག་ཇི་བཞིན་བཀོད་པའོ། ། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1