ཁ་བ།

སྟག་རིག་འབྲུག་ཐར། (མཚོ་ལྷོ) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 08-23


        ཁ་བ་ནི་དགུན་གྱི་མཚོན་བྱེད་ཡིན་ལ། ཁ་བ་ནི་དགུན་གྱི་རང་མདངས་ཡིན། མེ་ཏོག་དཀར་པོའི་ཟོལ་གྱིས་བར་སྣང་ནས་ས་གཞིར་འབབ་དུས། ཁྱེད་ཀྱིས་ཁ་བའི་དྭངས་གཙང་གི་སྒྲ་དབྱངས་ལ་དར་ཅིག་གསན་ཨེ་བྱུང་། ཁྱེད་ཀྱིས་ཁ་བའི་ལྷད་མེད་པའི་རང་གཤིས་ལ་བརྩེ་བའི་མཆུ་འདབ་ཅིག་སྦྱར་ཨེ་མྱོང་།
        ཁ་བ་ནི་སྤྲིན་དཀར་ཚོམ་བུ་འདུས་པའི་ཉིང་བཅུད་ཡིན་པས། སྤྲིན་དཀར་གྱི་རྣམ་ཤེས་ཁ་བ་ཡིན། མཁའ་དབྱིངས་སུ་ཕང་ཕུང་འཁྲིགས་པའི་སྤྲིན་པ་ལས་ད་གཟོད་རེག་བྱ་བསིལ་བའི་འདབ་དྲུག་མེ་ཏོག་གི་སྟངས་སྟབས་བར་སྣང་དུ་རྩེན་ཞིང་། བྱིའུ་ཆུང་སྤྲོ་གར་འཆམ་པའི་ཚུལ་གྱིས། གཡུ་སྦྲང་གིས་གཤོག་རྩལ་ངོམ་པའི་ཚུལ་གྱིས། མཐོན་མཐིང་མཁའ་དབྱིངས་སུ་ལྷོད་ལྷོད་དུ་མར་མར་བབས་ཙ་ན། ཁྱེད་ཀྱིས་ཞལ་ངོ་གནམ་ལ་ཕྱོགས་ནས་འཇིག་རྟེན་འདིའི་ཆེས་དྭངས་གཙང་གི་རེག་བྱ་གཅིག་པུར་བདེ་བས་མྱོང་བ་དང་། ཁྱེད་ཀྱིས་ཆུ་སྐྱེས་པད་མ་ལྟ་བུའི་ཕྱག་ཟུང་གཉིས་མདུན་ཐད་དུ་བསྲིངས་ཏེ་འདབ་དྲུག་ཁ་བའི་རང་དབང་གི་འབབ་སྟངས་ལ་བདེ་སྐྱིད་ཀྱི་གནས་མལ་གཡོར་སྲིད། ཡང་ན་ཁྱེད་ཀྱིས་ཁྲ་ཆུང་མིག་ཟུང་ཡུན་གྱིས་བཙུམ་ནས་སིམ་སིམ་འབབ་པའི་ཁ་བའི་སྒྲ་དབྱངས་ཀྱི་འགྱུར་ཁུགས་ལ་རྣ་བ་གཡོར་སྲིད།
        ཁ་བ་ནི་ཆུའི་སྲ་གཟུགས་ཡིན། དགུན་གྱི་རྒྱལ་མོ་རྒྱ་སྟག་མཆོངས་པ་ལྟར་ང་ཚོ་དང་ཉེ་བར་བཅར་དུས་གྲང་ཅང་ཅང་གི་གནམ་གཤིས་ལ་སུས་ཀྱང་སྤྲོ་འཛུམ་མི་སྟེར་ན་ཡང་། སྲིད་པ་རྒད་པོའི་ཁ་དཔེ་རུ་དགུན་མ་སྐྱ་ན་དབྱར་མི་སྔོ་ཞེས་པ་ལྟར། ཁ་བ་ནི་དགུན་ལྗོངས་སུ་སྨིན་པའི་འབྲས་བུ་མངར་མོ་དེ་ཡིན་ཏེ། རྣང་ཞིང་གྲུ་བཞིར་ལོ་ལེགས་ཀྱི་སྙེ་མ་ལྡེམ་དུས་སོ་ནམ་པ་ཚོའི་འཛུམ་ཀོང་ན་མེ་ཏོག་གི་གོང་བུ་བཞད་པ་ཁ་བའི་བསྐྱེད་འབྲས་ཡིན། རྩྭ་ཐང་ཡངས་པོར་གོས་ལྗང་གི་ན་བཟའ་བཀླུབས་དུས་འབྲོག་མིའི་མིག་ཀོང་ན་རེ་འབྲས་ཀྱི་དགོད་སྒྲ་འཕྱོ་བའང་ཁ་བའི་བསྐྱེད་འབྲས་ཡིན།
        ཁ་བ་ནི་ཕྱེ་ལེབ་དཀར་པོའི་བྲོ་གར་ཡིན། ལྡེམ་ཤ་དོད་པའི་རང་དབང་གི་འཕུར་མཆོངས་ཀྱིས་ཁ་བའི་མཛེས་སྡུག་མི་ཡུལ་ལ་བཤམས་ཡོད་པ་སྟེ། ས་འཛིན་རྩེ་མོར་དངུལ་དཀར་གྱི་དབུ་ཞྭ་བརྒྱན་ཞིང་སྤང་ཐང་ཡངས་མོར་གོས་དཀར་གྱི་འཕྱོར་ལྭ་སྤུད་པ། ལྗོན་པའི་སྟེང་ལ་རབ་དཀར་གྱི་མེ་ཏོག་དགོད་པ་སོགས་དཀར་བོང་བོང་གི་ཐ་སྙད་གཅིག་པུས་ཏག་ཏག་མི་ཡུལ་ལ་གཞན་མཚུངས་མིན་པའི་སྣང་བ་ཡན་གར་བ་ཞིག་སྦྱིན་འོངས་པས། འཇམ་ཞིང་ནེམ་པ་བལ་གོས་བཞིན། ཡང་ཞིང་གཡོ་བ་བསིལ་རླུང་བཞིན། དག་ཅིང་གཙང་བ་མེ་ལོང་བཞིན་ཁ་བའི་རྨི་ལམ་དཀར་པོས་ང་ཚོ་ལ་ཡིད་འཕྲོག་པའི་འགྲེམ་སྟོན་བགྱིད།
        མུ་ཏིག་དཀར་པོའི་ཟོལ་གྱིས་ཁ་བ་མི་ཡུལ་དུ་འཐོར་དུས་རི་སུལ་ལ་ལུང་ན་འཕུར་ལྡིང་རྩེན་པའི་བྱིའུ་ཆུང་དག་གིས་སེམས་ཀྱི་རི་མོ་འཛིན་མའི་པང་ཁར་ཤར་མར་འབྲི། སྡེ་འདབས་རྐང་ལམ་ན་ཡར་མར་བསྐྱོད་པའི་ལོ་གཞོན་དག་གིས་ཐྲིག་ཐྲིག་གོམ་པའི་སྒྲ་ལ་སྙན་དབང་གསོ་བའི་དབྱངས་རྟ་སྡེབ། རི་རྩེའི་ཟོམ་ནས་འཕགས་པའི་ཉི་ཟེར་གྱིས་ཁ་བའི་གཟུགས་ལ་བཀྲག་མདངས་ཀྱི་འོད་སྟོང་སྩོལ།
        ཁ་བ་ནི་བྱ་སྤུ་དཀར་པོའི་བཟོ་ལྟ་ཡིན། བར་སྣང་དུ་ཕར་གཡོ་ཚུར་གཡོ་ཡུན་གྱིས་འབབ་དུས་ཞི་དུལ་ཉིས་འཛོམས་ཀྱི་ཡོན་ཏན་མངའ་བའི་བྱེའུ་ཆུང་ཞིག་གི་གཤོག་སྣེ་རུ་འཐོར་བའི་བྱ་སྤུའི་རང་གཟུགས་སུ་འཁྲུལ་འོངས། གནམ་གཤིས་ཀྱི་འགྱུར་ལྡོག་ལྟར་དུ་ཁ་བའི་འབབ་སྟངས་ལ་རྣམ་པ་སྣ་ཚོགས་སུ་ཡོད་དེ། འཕྲེད་གསེག་ཤུགས་ཀྱིས་འབབ་སྟངས་མདའ་མོ་ལྟོང་ལས་ཤོར་འདྲ། དྲང་མོར་ལྗིད་ཀྱིས་འབབ་སྟངས་ལྗོན་རྩེའི་ཤིང་འབྲས་ལྷུང་འདྲ། ཡང་མོར་ཡ་ཡོའི་འབབ་སྟངས་སྦྲང་མའི་གཤོག་རྡང་རྩེན་འདྲ་སོགས་མཆིས་པས། ཁྱེད་རང་བཙག་ངར་གྱི་སྤུ་གྲིའི་ཀློང་དུ་གཟབ་གཟབ་ཁ་བའི་འབབ་སྟངས་ལ་ཞིབ་ཕྲར་གཟིགས་དུས་དེ་ལས་ལྷག་པའི་མྱོང་སྣང་དང་རྣམ་པ་ངོ་མཚར་འདྲེན་བྱེད་ཀྱི་ཡུལ་དུ་ལྷུང་ངེས།
        འཁྱག་རླུང་དང་གྲང་ངར་མཉམ་བསྲེས་ཀྱི་རེ་སྒུག་གྲངས་མེད་ཁྲོད་ནས་གྲག་མེད་འགུལ་མེད་དུ་མི་ཡུལ་གྱི་རྒྱན་ལ་གཅིག་མཇུག་གཉིས་མཐུད་ངང་ཐོར་དུས། འཛིན་མའི་སྐྱེ་དངོས་ཡོད་དོ་ཅོག་ལ་སྲབ་འཇམ་གྱི་མལ་གོས་གནང་བ་ན། དཀར་ཆེམ་ཆེམ་དུ་ཡོད་ཚད་ཁུ་སིམ་མེར་ཉིད་ཀྱི་བྲང་གཞུང་ན་ལྟིག་ལྟིག་ཏུ་ལྡིང་བའི་སྙིང་གི་འཕར་འགྲོས་ཁོ་ན་ལས་རྣ་བའི་བུ་གར་ཅི་ཡང་ལྷུང་མི་སྲིད། སྐབས་གླགས་འདིར་དབྱར་གྱི་དཔལ་ཡོན་བཞིན་གཤོག་ཐོགས་རིགས་ཀྱི་གྲེ་འགྱུར་ལྡན་པའི་གླུ་དབྱངས་སྙན་མོ་ཐོས་སྐལ་ཉུང་ཞིང་། བོངས་ཆུང་འབུ་སྲིན་དག་གི་འབྲེལ་འདྲིས་ཀྱི་ཙིར་སྒྲའང་སྙན་དབང་དུ་ཐོས་དབང་མེད་ཀྱང་། དངུལ་དཀར་ཁ་བའི་འཕྱོ་སྟངས་དང་སིམ་སིམ་འབབ་པའི་ཁ་བའི་དབྱངས་རྟ་ནི་དགུན་ལྗོངས་རིང་མོ་འདིར་ཆེས་མཛེས་སྡུག་ལྡན་པའི་བབ་ཆགས་ཞོད་འཇགས་ཀྱི་ཡོན་ཏན་འབའ་ཞིག་གོ།
        ཁ་བ་ཅན་དང་ཁ་བའི་ལྗོངས། ཁ་བའི་ཡུལ་སོགས་རབ་མཛེས་དངུལ་དཀར་གྱི་ཁ་བའི་མིང་གི་རྣམ་གྲངས་དུ་མས་མཐོ་སྒང་གི་ཁྱད་ཆོས་ལྡན་པའི་མཛེས་པ་ལ་ཉི་མ་མེ་གྲོགས་ཀྱི་ཚུལ་དུ་མངོན་པར་བརྒྱན་ཡོད་པས་ན། ཁ་བའི་རང་མདངས་བཀྲ་བའི་གཟུགས་མེད་ཀྱི་ཡོན་ཏན་ཞིག་རྒྱུས་མེད་མགྲོན་པོ་སུ་དང་གང་རུང་ཞིག་གི་སྣང་ངོར་ངོ་མཚར་བའི་ཚོར་ཤེས་ཤིག་གིས་ཀུན་ནས་སློང་ངེས་སོ།།
        ཁ་བ་ནི་རྩེད་མཚར་གྱི་རླབས་རྒྱུན་ཞིག་སྟེ། བསམ་མེད་བྱིས་པ་གཙོ་བྱས་གཞོན་ནུའི་ཚོགས་ཀྱིས་གྲང་ལྷགས་ཀྱི་འཇིགས་པ་ཁྱད་དུ་བསད་དེ་ཁ་བའི་ཀློང་དུ་ཁངས་རྩེད་བྱས་ནས་ཡར་རྒྱུག་མར་རྒྱུག་གི་འདུ་ལོང་འཁྲུག་པར་ལྟོས་དང་། སོ་སོའི་འཆར་ཡན་ལྟར་ཉམས་མྱོང་རྒན་པོའི་གཟུགས་རིས། ཨ་མ་དྲེད་མོང་གི་གཟུགས་རིས། བུ་ཆུང་སྣབས་ལུག་གི་གཟུགས་རིས་སོགས་གཟུགས་དབྱིབས་འདྲ་མིན་གྱི་ཁངས་མི་ལས་སྲོལ་གྱི་ངོ་མཚར་སྤྲོ་གར་ལ་གཟིགས་དང་། དྲོད་གྲང་གོར་ཐིག་མན་གྱི་ཏུའུ་ཉི་ཤུ་ལྷག་གཟུར་ན་ཡང་ལྷད་མ་གོས་པའི་ཁོར་ཡུག་ཀློང་ན་སྤྲོ་འཛུམ་ལ་དྲོད་ཁོལ་གྱིས་བརྟས་ཤིང་རྩེད་འཇོ་ལ་གསོན་ཤུགས་ཀྱིས་ཁེངས་འདུག
        དགུན་གྱི་རང་གཤིས་ལས་གྲུབ་པའི་རབ་དཀར་ཁ་བ་ལ་ཡོན་ཏན་ཇི་སྙེད་ལས་དམའ་སྨོད་ཀྱི་མཆིལ་ཞགས་འཕེན་པའི་སྐྱེ་འགྲོ་ལ་ཤས་མེད་པའང་མིན་ཏེ། དགུན་ཟླ་འབྲིང་བར་ཁྱེད་རང་གྲང་ངར་རྒོད་ཅིང་ཁ་བའི་འབབ་ཚད་མཐུག་དུས་ཕ་གིའི་གཞུང་ལམ་ཆེ་ཆུང་གང་རུང་དུ་བསྐྱོད་ཙ་ན། འཕྲུལ་འཁོར་སྣ་ཚོགས་གདོང་ཐུག་བརྒྱབ་པའི་ཆག་སྒོ་སྐྱོ་བོའི་བྱས་ཉེས་ཀྱིས་རྒྱུག་འདུར་ལ་བཀག་རྒྱ་ཐེབས་ཏེ་འ་ཟད་འུ་ཐུག་པའི་སྣང་ཚུལ་གྱིས་ཁ་བར་གཤེ་གཤེ་ཡི་དམོད་ཚིག་བོར་བ་མང་པོ་ཐོས་སྲིད་ཅིང་། ཇུས་གཞིའི་སྒྲིག་རིམ་ནོར་ནས་རྩྭ་ར་པདྨ་སྟོང་ལྡན་དུ་ཁ་བའི་ཟིལ་ཤུགས་ཀྱིས་བསྒྲིབས་པས། གཡང་ཟོག་སྒོ་ཕྱུགས་ལ་ཁ་ཟས་དཀོན་ཏེ་བཀྲེས་ལྟོགས་ཀྱི་སྡུག་བསྔལ་མ་བཟོད་པར་ལྟོགས་ཤི་ཐེབས་པའི་ཕྱུགས་ཟོག་གི་ཡིད་སྐྱོ་བའི་རྣམ་པ་མིག་ལ་ཐོགས་དུས་ཁ་བས་མི་ཡུལ་ལ་བསྐྲུན་པའི་གོད་ཁ་སྡུག་པོ་ཡ་ཆུང་ཁོག་ཏུ་འཁྱག་སིབ་སིབ་ཀྱི་ཚོར་བའང་སྦྱིན་ཡོང་།
        ཁ་བ་ནི་དྭངས་ཤིང་གཙང་བས་མཐོ་སྒང་གི་ཁྱད་གཤིས་སུ་གྲུབ་ཅིང་། ཁ་བ་ནི་དཀར་ཞིང་གསལ་བས་མཐོ་སྒང་གི་ངོ་བོ་རུ་ཐིམ་པས། ལེགས་ཚོགས་ཐམས་ཅད་ཁ་བའི་ཟླ་རུ་འདྲེན་ཞིང་། ཞི་བདེའི་སྙིང་བོ་ཁ་བའི་མདངས་ལ་བསྒྲེས། ལྷད་མེད་ལྷག་བསམ་ཁ་བའི་གཟུགས་སུ་བསྟོད་ཅིང་། འབྲས་བུའི་སྐྱེད་བྱེད་རབ་དཀར་ཁ་བ་ཡིན་ནོ།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1