ད་ལྟ་རྒན་བློ་བཟང་ལགས་ཀྱིས་འཚོ་བའི་དགོས་མཁོ་དང་བསྟུན་ནས། གློག་རྡུལ་གྱི་ཐོན་རྫས་མང་པོ་ཞིག་གསར་བཟོ་བྱས་ཡོད་ལ། ནང་སྒོས་སུ་བློ་བཟང་གློག་སྨྱུག་ནི་མདོ་དབུས་ཁམས་གསུམ་གྱི་ཡུལ་སྐད་ལ་བརྟེན་ནས་བོད་ཁམས་ཡོངས་སུ་བཀྲམས་པ་ནས་བཟུང་། བོད་རིགས་ཀྱི་ཕྲུ་གུ་མང་པོ་ཞིག་དང་། ནང་སྒོས་སུ་བོད་ཀྱི་རིག་གནས་ལ་དགའ་ཞེན་ཆེ་བའི་མི་རིགས་གཞན་དག་གིས་བོད་ཀྱི་སྐད་དང་རིག་གནས་སྦྱོང་བར་དགེ་མཚན་ཆེན་པོ་ཞིག་འདོན་སྤྲོད་བྱས་པ་རེད། འདི་ནི་རྒན་བློ་བཟང་ལགས་ཀྱིས་གློག་སྨྱུག་འདི་གསར་བཟོ་བྱེད་པའི་ཐོག་མའི་ཕུགས་བསམ་ཡིན་ལ། མཐའ་མའི་འབྲས་བུའང་རེད། འོན་ཀྱང་གློག་སྨྱུག་ཅིག་གསར་བཟོ་བྱེད་པའི་བསམ་ཚུལ་ཡིད་ལ་འཁོར་བ་ནི། གློ་བུར་དུ་བྱུང་བའི་བྱ་བ་ཞིག་གཏན་ནས་མ་ཡིན་པར། དུས་རབས་གསར་པའི་ནང་དུ་བོད་ཀྱི་སྐད་དང་རིག་གནས་ཇི་ལྟར་འཕེལ་རྒྱས་གཏོང་བའི་ཐད་ནས་ཡང་ཡང་བསམ་བློ་བཏང་བའི་གྲུབ་འབྲས་ཤིག་དང་། ཁྱད་པར་དུ་རང་གིས་སྒྲ་སྨྱུག་ཅིག་གསར་བཟོ་བྱེད་པའི་དགོངས་ཚུལ་ཐུགས་ལ་འཆར་བ་ནས་གླེང་དགོས་པ་ཞིག་རེད།
2010ལོར་རྒན་བློ་བཟང་ལགས་ཁྲུང་ཆིན་དུ་ཕེབས་ནས་འགྲེམས་སྟོན་ཚོགས་འདུ་ཞིག་ལ་ཞུགས་པའི་ཚེ་ན། མི་རིགས་གཞན་པའི་གློག་རྡུལ་ཐོན་རྫས་མང་པོ་ཞིག་སྤྱན་གྱིས་གཟིགས་མ་ཐག གློག་རྡུལ་ཐོན་རྫས་འདི་རིགས་ལ་བརྟེན་ནས་བོད་ཀྱི་དམངས་ཁྲོད་རིག་གནས་འཚོལ་སྡུད་བྱེད་དགོས་པའི་དྲན་ཚུལ་ཞིག་ཡིད་ལ་འཁོར་བས། འགྲེམས་སྟོན་ཚོགས་འདུའི་ཐོག་ནས་སྒྲ་སྨྱུག་ཉི་ཤུ་ཙམ་ཉོས་ནས། རང་གི་ཕ་ཡུལ་དུ་ལག་ལེན་དངོས་ཀྱི་ཁྲོད་ནས་བེད་སྤྱོད་གཏོང་བའི་ཚེ་ན། རྒྱུ་སྤུས་དང་ནུས་པའི་ཐད་ནས་རྒན་བློ་བཟང་ལགས་ཀྱི་དགོས་མཁོ་གཏན་ནས་བསྐང་མ་ཐུབ་པས། དེ་མ་ཐག་རང་གིས་སྒྲ་སྨྱུག་ཅིག་གསར་བཟོ་བྱེད་དགོས་པའི་ཐུགས་ཐག་བཅད།
འདི་ལྟ་བུའི་བློ་སྤོབས་ཆེན་པོ་ཞིག་དང་ཆོད་སེམས་བརྟན་པོ་ཞིག་མངའ་བ་ནི་གློ་བུར་དུ་བྱུང་བའི་བྱ་བ་ཞིག་གཏན་ནས་མ་རེད། 1989ལོའི་ཟླ་9པར། བློ་བཟང་ནི་ཕུལ་དུ་བྱུང་བའི་སྦྱངས་འབྲས་ལ་བརྟེན་ནས་རྒྱུགས་སྤྲད་མ་དགོས་པར་མཚོ་སྔོན་དགེ་ཐོན་སློབ་ཆེན་གྱི་དངོས་ལུགས་ཚན་ཁག་ལ་ཞུགས་ནས། དངོས་ལུགས་དང་གློག་ཀླད་ཤེས་བྱ་ལ་སློབ་སྦྱོང་བྱས། འདི་ལྟ་བུའི་སློབ་སྦྱོང་གི་བརྒྱུད་རིམ་ཞིག་ཡོད་པ་དེས། རྗེས་ཕྱོགས་ཁོང་གིས་གློག་རྡུལ་ཐོན་རྫས་ལ་ཞིབ་འཇུག་གནང་བར་རྨང་གཞི་བརྟན་པོ་ཞིག་བཞག
སློབ་མཐར་ཕྱིན་རྗེས། རྒན་བློ་བཟང་ནི་བོད་ལྗོངས་སློབ་ཆེན་གྱི་རྩིས་དངོས་སྡེ་ཁག་གི་རྩིས་འཁོར་སློབ་དཔྱོད་ཁང་དུ་ལས་བགོས་བྱས་ལ། མུ་མཐུད་དུ་ཆ་འཕྲིན་སྐོར་གྱི་ལག་རྩལ་ལ་སློབ་སྦྱོང་བྱས་པ་དང་། ཚད་ལྡན་གྱི་སྒྲིག་གཞི་ཁོང་དུ་ཆུད་ན་ཡང་། རྒན་བློ་བཟང་གིས་ད་དུང་རང་གིས་སྦྱངས་པའི་ལག་རྩལ་དེ་ནི་དངོས་ཡོད་འཚོ་བའི་ཁྲོད་ནས་ཇིི་ལྟར་བེད་སྤྱོད་གཏོང་བའི་ཐད་ནས་བསམ་བློ་ཞིབ་མོ་ཞིག་བཏང་ཡོད་མ་རེད། 1998ལོར། ཁོ་རང་ཁྲེན་ཏུའུ་གློག་རྡུལ་ཚན་རྩལ་སློབ་ཆེན་དུ་སློབ་སྦྱོང་ལ་མངགས་པས། དངོས་སུ་དྲ་བའི་ལག་རྩལ་ལ་སློབ་སྦྱོང་བྱེད་པའི་གོ་སྐབས་བཟང་པོ་ཞིག་ཐོབ། ལོ་ངོ་གཉིས་ཙམ་གྱི་རིང་ལ། གཞན་དྲིང་མི་འཇོག་པའི་བློ་གྲོས་དང་སྙིང་རུས་ཆེན་པོ་ལ་བརྟེན་ནས་དྲ་བའི་ལག་རྩལ་དང་ཚན་རྩལ་རིག་གནས་ལ་སློབ་སྦྱོང་གང་ལེགས་གནང་བས། 2000ལོར། ཁོང་གིས་རང་ཉིད་ཀྱིས་སྦྱངས་པའི་བོད་ཡིག་སྒྲིག་གཞིའི་ལག་རྩལ་དང་དྲ་བའི་ལག་རྩལ་བེད་སྤྱད་དེ། དྲྭ་ཐོག་ནས་བོད་ཡིག་བེད་སྤྱོད་གཏོང་བའི་དཀའ་གནད་བསལ་བ་མ་ཟད། བོད་ལྗོངས་ཀྱི་བོད་ཡིག་གི་དྲྭ་ཚིགས་དང་པོ་གསར་བཟོ་བྱས་ནས། གངས་ཅན་མཐོ་སྒང་དུ་བོད་ཡིག་ཆ་འཕྲིན་ཅན་གྱི་སྐྱ་རེངས་ཐོག་མ་བསུས།
རང་གིས་ལོ་ངོ་མང་པོར་ཞིག་བརྟག་དཔྱད་ཞིབ་འཇུག་གནང་བ་ན། ཁོང་གིས་ཁ་པར་གྱི་ལམ་ནས་བོད་ཡིག་དྲ་བ་ཁྱབ་གདལ་གཏོང་བ་དང་། བོད་རིགས་མང་ཚོགས་ཀྱིས་གློག་ཀླད་ཤེས་བྱ་སྦྱོང་བར་སྐུལ་འདེད་གཏོང་བའི་ཐབས་ལམ་གསར་པ་ཞིག་ཡིད་ལ་འཁོར་བས། ཡང་བསྐྱར་བོད་ཡིག་ཤེས་ནུས་ལག་འཁྱེར་ཁ་པར་བཟོ་བའི་དགོངས་ཚུལ་ཐུགས་ལ་འཆར་བ་རེད།
བོད་ཡིག་དྲ་བ་བཙུགས་པ་ནས་བོད་ཡིག་ཤེས་ནུས་ལག་འཁྱེར་ཁ་པར་གསར་བཟོ་གནང་བའི་བར་ལ། རྒན་བློ་བཟང་གིས་ཐོག་མཐའ་བར་གསུམ་དུ་བོད་ཡིག་ཆ་འཕྲིན་ཅན་ལ་སྐུལ་འདེད་གཏོང་རྒྱུ་ནི། དུས་ནམ་ཡང་རང་གིས་ལས་དོན་སྒྲུབ་པའི་དམིགས་ཡུལ་དུ་བཟུང་ཞིང་། དམིགས་ཡུལ་འདི་ལེགས་འགྲུབ་བྱུང་བའི་ཆེད་དུ། རྒན་བློ་བཟང་སྔ་རྗེས་སུ་རྒྱལ་ཁབ་ཕྱི་ནང་གི་ཆ་འཕྲིན་ལག་རྩལ་སྐོར་གྱི་ཚན་རྩལ་ཞིབ་འཇུག་ལས་གཞི་དང་འབྲེལ་ཡོད་ཀྱི་རྒྱལ་སྤྱིའི་གྲོས་ཚོགས་ནང་དུ་ཞུགས་ནས། འཛམ་གླིང་ཡོངས་ཀྱི་མི་རིགས་སྐད་ཡིག་ཆ་འཕྲིན་ཅན་གྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་བའི་གནས་ཚུལ་ལ་རྒྱུས་ལོན་གནང་ཞིང་། བོད་ཡིག་ཆ་འཕྲིན་ལག་རྩལ་འཕེལ་རྒྱས་གཏོང་བའི་ཐད་ནས་རྨང་གཞི་བརྟན་པོ་ཞིག་བཞག་པ་མ་ཟད། གྲུབ་འབྲས་འོས་འཚམ་ཞིག་ཐོབ་ཡོད་པས། 2004ལོར། རྒན་བློ་བཟང་ལགས་བོད་ལྗོངས་སློབ་ཆེན་གྱིས་ཨ་རིའི་ཧྥུའུ་ཅི་ཉི་ཡ་སློབ་ཆེན་དུ་སློབ་སྦྱོང་དང་ལས་དོན་སྒྲུབ་སར་མངགས་པ་རེད། ལོ་ངོ་བཞི་ཡི་རིང་ལ། རྒན་བློ་བཟང་གིས་དཀའ་བ་ཁྱད་དུ་བསད་ཅིང་། ངལ་བ་གདོང་གིས་བསུས་ནས་ཆ་འཕྲིན་ལག་རྩལ་ལ་འབད་བརྩོན་གང་ལེགས་གནང་བས། ཨ་རིའི་ཧྥུའུ་ཅི་ཉི་ཡ་སློབ་ཆེན་གྱི་ཆ་འཕྲིན་ལག་རྩལ་ཆེད་སྦྱོང་གི་རབ་འབྱམས་པའི་སློབ་གནས་ཐོབ་ཅིང་། གནས་དེ་ནས་བོད་ཡིག་གློག་རྡུལ་ཚིག་མཛོད་གསར་བཟོ་གནང་བའི་རེ་བའི་མྱུ་གུ་གསར་དུ་འབུས།
གློག་རྡུལ་ཐོན་རྫས་ལ་བོད་རིགས་མང་ཚོགས་དང་བོད་ཀྱི་རིག་གནས་ལ་དགའ་ཞེན་ཆེ་བའི་མི་རིགས་གཞན་དག་གིས་དགའ་བསུ་ཆེན་པོ་ཐོབ་པས། རྒན་བློ་བཟང་གིས་མུ་མཐུད་དུ་ཆ་འཕྲིན་ལག་རྩལ་ལ་བརྟེན་ནས། གློག་རྡུལ་ཐོན་རྫས་གསར་བཟོ་བྱེད་པ་དང་། ཁྱད་པར་དུ་བོད་རིགས་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་གོམས་གཤིས་ལ་མཐུན་པའི་ཐོན་རྫས་གསར་བཟོ་གནང་ནས། བོད་རིགས་མང་ཚོགས་ཀྱིས་མི་རིགས་སོ་སོའི་མི་དམངས་དང་མཉམ་དུ་ཆ་འཕྲིན་གྱི་དགེ་མཚན་ལོངས་སུ་སྤྱོད་པའི་རེ་འདུན་ཟབ་མོ་ཞིག་བཅངས། དམིགས་ཡུལ་དེ་ལེགས་འགྲུབ་བྱུང་བའི་ཆེད་དུ། རྒན་བློ་བཟང་གིས་བོད་ལྗོངས་བློ་བཟང་གྲངས་ཀའི་ཚན་རྩལ་ཚད་ཡོད་སྤྱི་གཉེར་ཁང་ཞེས་པའི་ཁེ་ལས་ཤིག་གསར་དུ་བཙུགས་ནས། ཆ་འཕྲིན་ལག་རྩལ་སྐོར་གྱི་ཐོན་རྫས་གསར་བཟོ་གནང་བའི་ཕྱག་ལས་དོན་དུ་གཉེར།
སྤྱི་གཉེར་ཁང་བཙུགས་ནས་ཐོན་རྫས་གང་མང་གསར་བཟོ་གནང་བ་མ་ཟད། བོད་རིགས་མང་ཚོགས་ཀྱིས་དགའ་བསུ་ཆེན་པོ་ཐོབ་ཡོད་མོད། འོན་ཀྱང་མི་མང་པོ་ཞིག་གི་མིག་ལམ་དུ། རྒན་བློ་བཟང་ནི་ཚད་ལྡན་གྱི་ཁེ་ལས་པ་ཞིག་གཏན་ནས་མ་རེད། རྒྱུ་མཚན་ནི་ཁོང་གིས་ཁེ་ལས་འཛུགས་པའི་དམིགས་ཡུལ་ནི་དངུལ་བཙལ་བའི་ཆེད་དུ་མ་ཡིན་པར། གློག་རྡུལ་ཚན་རྩལ་གྱི་ལམ་ནས་བོད་རིགས་མི་དམངས་ལ་ཞབས་འདེགས་ཞུ་རྒྱུ་དེ་རེད། ནང་སྒོས་སུ་རྒན་བློ་བཟང་ནི་བོད་ལྗོངས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་གཞོན་པ་ཞིག་ཡིན་པའི་ཆ་ནས། ཁོང་གིས་རང་ཉིད་ཀྱི་ཁེ་ལས་ནི་སློབ་མ་ཚོ་སྤྱི་ཚོགས་ལག་ལེན་ནང་དུ་ཞུགས་སའི་སྟེགས་བུ་ཞིག་ལ་ངོས་འཛིན་གནང་ཡོད་པས། སློབ་མ་ཚོ་དང་མཉམ་དུ་བོད་ཡིག་ཆ་འཕྲིན་དང་བོད་ཡིག་གློག་རྡུལ་ལག་རྩལ་ལ་སློབ་སྦྱོང་དང་ཞིབ་འཇུག་མཛད་ཅིང་། དུས་མཚུངས་སུ་རྒན་བློ་བཟང་ལགས་ཀྱིས་མིག་རྒྱང་རིང་ནས་བསྐྱེད་དེ། བོད་ཀྱི་སྐད་དང་རིག་གནས་ཆ་འཕྲིན་ཅན་གྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གང་ལེགས་གཏོང་ཆེད། ཁོང་གིས་ད་དུང་བོད་ལྗོངས་ཀྱི་རྩིས་འཁོར་གསབ་སྦྱོང་སློབ་གྲྭ་གསར་དུ་བཙུགས་ནས། རྗེས་མར་བོད་ཡིག་ཆ་འཕྲིན་ཅན་གྱི་ལག་རྩལ་གོང་འཕེལ་གཏོང་བའི་ཤེས་ལྡན་མི་སྣ་གང་མང་ཞིག་གསོ་སྐྱོང་གནང་དང་གནང་བཞིན་ཡོད་པས། ང་ཚོས་སྙིང་ཐག་པ་ནས་ཁོང་གི་བྱ་གཞག་ཐམས་ཅད་གོང་ནས་གོང་དུ་འཕེལ་བའི་སྨོན་འདུན་ཞུ། །