ཞིང་ཆེན་ས་འགུལ་གནོད་སེལ་བཀོད་འདོམས་པུའུ་ཡིས་གསར་འགྱུར་ཁྱབ་སྒྲོག་ཚོགས་འདུ་ཐེངས་གསུམ་པ་འཚོགས།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།རྔ་བའི་གསར་འགྱུར་དྲ་བ། སྤེལ་དུས། 08-14


        ཟླ་8པའི་ཚེས་12ཉིན་གྱི་ཕྱི་དྲོའི་དུས་ཚོད་5ཐོག གཟི་རྩ་སྡེ་དགུའི་8.8ས་འགུལ་གྱི་སི་ཁྲོན་ཞིང་ཆེན་ས་འགུལ་གནོད་སེལ་བཀོད་འདོམས་པུའུ་ཡིས་གསར་འགྱུར་ཁྱབ་སྒྲོག་ཚོགས་འདུ་ཐེངས་གསུམ་པ་འཚོགས་ཏེ། ཀྲུང་གོའི་ས་འགུལ་ཅུས་ཀྱི་ཡུལ་དངོས་ཀྱི་ལས་སྒྲུབ་རུ་ཁག་གི་གསར་འགྱུར་གཏམ་བཤད་པ་ལའེ་ཅན་ཁྲེང་གིས་གཟི་རྩ་སྡེ་དགུར་བྱུང་བའི་རིམ་པ་7.0ཅན་གྱི་ས་འགུལ་གྱི་གཏོར་ཚད་དཔེ་རིས་བསྒྲགས་ཤིང་། ཀྲུང་གོའི་ས་འགུལ་ཅུས་ཀྱི་ལས་གཞིའི་རྩོལ་ཤུགས་རིག་པའི་ཞིབ་འཇུག་ཁང་གི་ཞིབ་འཇུག་པ་ལིན་ཅིན་ཆིས་ས་འགུལ་གཏོར་ཚད་དཔེ་རིས་ལ་འགྲེལ་བཤད་དང་གསར་འགོད་པའི་དྲི་བར་ལན་བཏབ་པ་རེད། 

        ཐེངས་འདིའི་ས་འགུལ་གཏོར་ཚད་བརྟག་ཞིབ་དང་དཔྱད་འཇོག་ལས་ཀ་ནི་ཀྲུང་གོའི་ས་འགུལ་མ་ལག་གི་ལས་ཁུངས་19དང་ལས་སྒྲུབ་པ་215ཡིས་བསྒྲུབ་པ་ཡིན་ལ། སི་ཁྲོན་དང་ཀན་སུའུ་ཡི་ཁུལ་དང་གྲོང་ཁྱེར་4ཡི་རྫོང་ཁག་8ཀྱི་བརྟག་ཞིབ་ས་ཚིགས་315ལ་དངོས་སུ་སོང་ནས་བརྟག་ཞིབ་བྱས་ཤིང་། འགུལ་ལྟེ་ཡི་གནས་དང་ཉེ་འཁོར་འགུལ་ཚད་ཟིན་ཐོ། འགུལ་ཁུངས་ནང་རྐྱེན། རྗེས་འགུལ་ཁྱབ་ཚུལ་སོགས་ལ་དབྱེ་ཞིབ་བྱས་ཏེ། ཐེངས་འདིའི་ས་འགུལ་གྱི་གཏོར་ཚད་དཔེ་རིས་གཏན་ལ་འཁེལ་བ་རེད། ས་འགུལ་གཏོར་ཚད་དཔྱད་འཇོག་ཆེད་མཁས་པས་ནན་ཏན་གྱིས་དབྱེ་ཞིབ་དང་བརྟག་བཤེར་བརྒྱུད་ནས་ས་འགུལ་གཟི་རྩ་སྡེ་དགུར་བྱུང་བའི་རིམ་པ་7.0ཅན་གྱི་ས་འགུལ་གྱི་གཏོར་ཚད་དཔེ་རིས་འདི་དངོས་སུ་བསྒྲགས་པ་རེད། 

        ཐེངས་འདིའི་ས་འགུལ་གྱི་གཏོར་ཚད་ཆེས་མཐོ་བ་ནི་ཏུའུ་དགུ་ཡིན། ཏུའུ་དྲུག་ཡན་གྱི་གཏོར་ཚད་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ་18295ལ་བསླེབས་ཤིང་། སི་ཁྲོན་དང་ཀན་སུའུ་ཡི་རྫོང་ཁག་8ལ་གནོད་པ་ཐེབས་ཡོད།  

        ཐེངས་འདིའི་ས་འགུལ་གྱི་རྩ་བའི་ཁྱད་ཆོས་ནི། ས་འགུལ་གྱི་འགུལ་རིམ་མཐོ་བ་སྟེ་རིམ་པ་7.0ལ་བསླེབས་ཡོད་པ། འགུལ་ཁུངས་གཏིང་ཟབ་པ་སྟེ་སྤྱི་ལེ་20ཡོད་པ། ས་འགུལ་གནོད་པ་ནི་སི་ཁྲོན་ལས་གཞན་ཀན་སུའུ་ཡི་ས་ཆ་ཁ་ཤས་ལའང་ཐེབས་ཡོད།  གཟི་རྩ་སྡེ་དགུ་ཡི་རྫོང་མཁར་དང་ཉེ་འཁོར་གྱི་ས་འགུལ་གཏོར་ཚད་འགོག་རིམ་ནི་ཏུའུ་བརྒྱད་ཡིན་ལ། ས་འགུལ་མངའ་ཁོངས་ཀྱི་སྡོད་ཁང་གི་ས་འགུལ་གནོད་པ་འགོག་ཚད་བཟང་བས་གནོད་པ་ཆེན་པོ་ཐེབས་མེད།  ཐེངས་འདིའི་ས་འགུལ་ལས་གཟི་རྩ་སྡེ་དགུའི་རྦབ་ཆུ་ནོར་བུ་གླིང་དང་མེ་སྟག་མཚོ་སོགས་མཛེས་ལྗོངས་དང་ལྗོངས་སྐོར་གྱི་རྨང་གཞིའི་སྒྲིག་བཀོད་ལ་གནོད་པ་ཐེབས་ཤིང་། ཡུལ་དེ་གའི་རང་བྱུང་་གི་མཛེས་ལྗོངས་དང་སྐྱེ་ཁམས་ཁོར་ཡུག་ལ་གནོད་པ་བཟོས་ཀྱང་ཡུལ་དེ་གའི་སྲིད་གཞུང་གིས་ཚན་རིག་ལྟར་རང་བྱུང་ཤུལ་བཞག་སྲུང་སྐྱོབ་དང་སླར་གསོ་བསྐྱར་སྐྲུན་གྱི་འཆར་གཞི་འགོད་བཞིན་འདུག  ས་འགུལ་བྱུང་ས་ནི་རི་མཐོ་ལུང་ཟབ་ཏུ་གཏོགས་པས་ས་འགུལ་བྱུང་བའི་སླར་འབྱུང་གི་ས་གཤིས་གནོད་འཚེ་ཅུང་ཆེ་བས། མི་སྣ་ཤི་རྨས་དང་འགྲིམ་འགྲུལ་གཞུང་ལམ་ཁ་ཤས་ཆད་ཡོད་པས། སྐྱོབ་རོགས་དང་མི་སྣ་གནས་སྤོར་བདེ་འགོད་ཀྱི་དཀའ་ངལ་ཅུང་ཆེ་བ་རེད།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1