གསར་འགོད་པས་ཤེས་རྟོགས་བྱུང་བར་གཞིགས་ན། ཐེངས་འདིའི་བོད་ཀྱི་ལྷ་མོ་ཟློས་གར་མཉམ་འཛོམས་འཁྲབ་སྟོན་ནི་དུས་ཡུན་གཟའ་འཁོར་གཅིག་རིང་བྱེད་རྒྱུ་ཡིན་ལ། མཚོ་སྔོན་ཞིང་ཆེན་གྱི་རྨ་ལྷོ་ཁུལ་དང་། ཡུལ་ཤུལ་ཁུལ། མགོ་ལོག་ཁུལ་བཅས་དང་། ཀན་སུའུ་ཞིང་ཆེན་གྱི་ཀན་ལྷོ་ཁུལ། དེ་བཞིན་བོད་ལྗོངས་ཀྱི་གཞུང་ཕྱོགས་དང་དམངས་ཁྲོད་ཀྱི་ལྷ་མོ་ཟློས་གར་ཚོགས་པ་སོགས་ཡོད་ཅིང་། རྨ་ལྷོ་ཁུལ་གྱི་གྲོང་རྡལ་ཐང་ཆེན་དང་། མངོན་མིན་རིག་གནས་ཤུལ་བཞག་ཁྲིད་སྦྱོང་ལྟེ་གནས། སྲོལ་རྒྱུན་གྲོང་ཚོ་བཅས་སུ《ཧོར་གླིང་གཡུལ་འགྱེད།》དང་། 《སྲོང་བཙན་སྒམ་པོ།》 《ལྷ་རྒྱ་ལོ་གཉེན་སྟོན་འདུ་ཁང་།》 《ཀོན་ཆུའེ་རྒྱལ་ཕྲན་རྒྱལ་པོ།》སོགས་ལྷ་མོ་ཟློས་གར་15ཙམ་འཁྲབ་སྟོན་བྱ་རྒྱུ་རེད།
རྨ་ལྷོ་ཁུལ་རྩེ་ཁོག་རྫོང་རིག་གནས་ཁང་གི་འགོ་འཛིན་མཁའ་ལོ་རྒྱལ་གྱིས་《གེ་སར་རྒྱལ་པོ།》ནང་གི་《ཧོར་གླིང་གཡུལ་འགྱེད།》ནི་རྩེ་ཁོག་རྫོང་གེ་སར་སྒྱུ་རྩལ་ཚོགས་པས་རང་བརྩམས་རང་འཁྲབ་བྱས་པའི་ལྷ་མོ་ཟློས་གར་ཞིག་ཡིན་ལ། ནང་དོན་གཙོ་བོ་ནི་ཧོར་གུར་དཀར་རྒྱལ་པོའི་བཙུན་མོ་སྐུ་གཤེགས་རྗེས། བཙུན་མོ་གསར་པ་ཞིག་བསུ་པར་བྱ་བཞི་བཏང་བ་དང་། བྱ་ནག་ཁྭ་ཏ་ཡིས་འཛམ་གླིང་ཐོག་གི་ཆེས་མཛེས་པའི་བུ་མོ་དེ་གླིང་ཡུལ་ན་ཡོད་པ་དང་། དེ་ནི་གེ་སར་གྱི་བཙུན་མོ་འབྲུག་མོ་རེད་སྐད། གུར་དཀར་རྒྱལ་པོས་གེ་སར་བྱང་བདུད་འདུལ་བར་ཕྱིན་པའི་གོ་སྐབས་ལ་བརྟེན་ནས་གླིང་ཡུལ་དུ་དཔུང་འཇུག་བྱས་པ་དང་། གླིང་ཡུལ་གྱི་དཔའ་རྒོད་རྣམས་ཀྱིས་དགྲ་ཁ་བླངས་ནས་གཡུལ་འགྱེད་བྱས་ཀྱང་། ཨ་ཁུ་ཁྲོ་ཐུང་ནང་རུལ་བྱས་པས་ཧོར་གྱིས་རྒྱ་ཚྭ་བསད་པ་དང་འབྲུག་མོ་འཕྲོག་པ་རེད་ཅེས་ངོ་སྤྲོད་བྱས་པ་རེད།
མཁའ་ལོ་རྒྱལ་གྱིས"མཚོ་སྔོན་ཀྱི་བོད་རིགས་འབྲོག་ཁུལ་གྱི་གཞི་རིམ་རིག་གནས་ལས་དོན་ལ་སྐུལ་འདེད་སྔར་ལས་ལྷག་པར་བཏང་ནས་རྒྱ་ཆེའི་འབྲོག་པ་མང་ཚོགས་ཀྱི་རིག་གནས་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་གཏང་ཆེད། རྩེ་ཁོག་རྫོང་གེ་སར་རིག་གནས་སྒྱུ་རྩལ་ཚོགས་པས་2014ལོ་ནས་བཟུང་《གཟུགས་ཀྱི་ཉི་མ།》དང་། 《སྲོང་བཙན་སྒམ་པོ།》 《གསེར་གླིང་གཡུལ་འགྱེད།》 《རྟ་རྒྱུག་རྒྱལ་འཇོག》སོགས་ལྷ་མོ་ཟློས་གར་བཞི་གསར་རྩོམ་བྱས་པས། གཞི་རིམ་མང་ཚོགས་ཀྱིས་དགའ་བསུ་དང་བསྟོད་བསྔགས་ཆེན་པོ་བྱས་པ་རེད"ཅེས་བརྗོད་པ་རེད།