སེམས་ཀྱི་ཉི་ཟླ་གྲོང་ཁྱེར་སྐད་ཚག་ཤང་གོང་སྟོད་གྲོང་ཚོའི་ཚེར་ནག་རྟེན་གཞིའི་ནང་། ལོ་ལེགས་སྨིན་པའི་ཚེར་ནག་གི་འབྲས་བུས་སིལ་སྡོང་གི་ཡལ་ག་རེ་རེ་ཐུར་དུ་དཔྱངས་སུ་བཅུག་ཡོད་ལ། སྡེ་མི་རྣམས་ཀྱི་གདོང་ལ་འཛུམ་གྱིས་ཁེངས་བཞིན་ཚེར་ནག་གི་འབྲས་བུ་བཏོག་བཞིན་འདུག ཚེར་ནག་གི་སྡོང་བོ་འཛུགས་པ་ནི་ཉེ་བའི་ལོ་འགའི་རིང་སྐད་ཚག་ཤང་ཝུན་ཧྲང་གྲོང་ཚོའི་འཕེལ་རྒྱས་འབྱུང་བཞིན་པའི་ཁྱད་ལྡན་ཐོན་ལས་ཤིག་ཡིན། གྲོང་ཚོ་འདིའི་ན་གཞོན་ཆི་ཡུང་ཆང་གིས་ས་དམ་ས་ཁུལ་དུ་ཚེར་ནག་བཙུགས་ཏེ་ཞིང་པའི་ཡོང་སྒོ་འཕར་སྣོན་བྱུང་ཡོད་པའི་ཐོན་ལས་གསར་བའི་གནས་ཚུལ་ལ་རྒྱུས་ལོན་བྱས་རྗེས་རང་གི་ཕ་ཡུལ་དུ་ཡང་ཚེར་ནག་འཛུགས་པའི་བསམ་འདུན་སྐྱེས་པ་དང་། བརྟག་དཔྱད་ཞིབ་འཇུག་བྱས་པ་བརྒྱུད་མཐོ་སྒང་ནས་ཀྱང་ཚེར་ནག་བཏབ་ན་གསོན་ཐུབ་པའི་བདེན་དཔང་ཐོབ་པས་ཡིད་ལ་དགའ་ཚོར་དང་ཡིད་ཆེས་ཆེན་པོ་སྐྱེས། ཕ་ཡུལ་དུ་ལོག་རྗེས་ཁོང་གིས་གྲོང་ཚོའི་ནང་གི་ས་རྒོད་མུའུ་300འགན་ལེན་དང་མ་དངུལ་སྒོར་ཁྲི་20བཏང་ནས་ཚེར་ནག་འདེབས་འཛུགས་རྟེན་གཞི་ཞིག་བཙུགས་པ་རེད། ན་གཞོན་ཆི་ཡུང་ཆང་གིས་འདེབས་འཛུགས་ལག་རྩལ་ལ་སློབ་སྦྱོང་དང་། ད་དུང་ཆེད་ལས་གསོ་སྤེལ་མི་སྣ་གདན་དྲངས་ནས་ཉམས་མྱོང་ལ་སློབ་སྦྱོང་བྱས་པ་མ་ཟད་དཀའ་བ་སྣ་ཚོགས་ཁྱད་དུ་བསལ་ནས་རྒྱུན་འཁྱོངས་བྱས་མཐར་རང་ཡུལ་ནས་ཚེར་ནག་གི་མྱུ་གུ་གསོ་སྤེལ་བྱེད་པ་ལེགས་འགྲུབ་བྱུང་།
རང་ཉིད་ཕྱུག་པོར་ཆགས་ཀྱང་ཕ་ཡུལ་གྱི་ཡུལ་མི་སྤུན་ཟླ་རྣམས་མི་བརྗེད་པ་དང་། ཡུལ་མི་ཚང་མས་ཡོང་སྒོ་རེ་རེག་ཐུབ་རྒྱུ་ནི་ན་གཞོན་ཆི་ཡུང་ཆང་གིས་ཚེར་ནག་འཛུགས་དུས་ཀྱི་ཐོག་མའི་ཕུགས་འདུན་ཡིན། ཚེར་ནག་ནི་དམངས་ཕྱུག་འབབ་འཕར་གྱི་ཐོན་ལས་གསར་པ་ཞིག་ཏུ་འགྱུར་ཆེད། ཁོང་གིས་གྲོང་ཚོའི་ནང་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་སྐད་ཚག་ཤང་ཚེར་ནག་འདེབས་འཛུགས་མཉམ་ལས་ཁང་ཞིག་བཙུགས་པ་དང་། གྲོང་མི་མང་པོ་ཞིག་ཀྱང་མཉམ་ལས་ཁང་གི་ལས་མིའི་ནང་དུ་བླངས་ཡོད། མཉམ་ལས་ཁང་དང་། རྟེན་གཞི། ཞིང་དུད། ཚོང་ར་བཅས་ཀྱི་དེང་རབས་ཞིང་ལས་འཕེལ་རྒྱས་ཀྱི་རྣམ་པ་སྤྱད་ནས་གཅིག་གྱུར་གྱིས་དོ་དམ་བྱས་ཏེ་ཚད་ངེས་ཅན་ནས་ཐོན་ཁུངས་ཀྱི་དགེ་མཚན་གྱིས་དཔལ་འབྱོར་གྱི་ཕན་འབྲས་བཟང་བོ་ལོན་པར་འབད་བརྩོན་བྱས་ཡོད།