ཞི་ཅིན་ཕིང་གིས་འགོ་འཛིན་བྱས་ཏེ་ཧ་ཅང་དབུལ་ཕོངས་ཡིན་པའི་ས་ཁུལ་གྱི་དབུལ་སེལ་འགག་སྒྲོལ་གྱི་བཞུགས་མོལ་ཚོགས་འདུ་བསྡུས།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས། སྤེལ་དུས། 06-26


        ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚེས་ཉེར་གསུམ་ཉིན་ཧྲན་ཞི་ཞིང་ཆེན་ཐའེ་ཡོན་གྲོང་ཁྱེར་ནས་འགོ་འཛིན་བྱས་ཏེ་ཧ་ཅང་དབུལ་ཕོངས་ཡིན་པའི་ས་ཁུལ་གྱི་དབུལ་སེལ་འགག་སྒྲོལ་གྱི་བཞུགས་མོལ་ཚོགས་འདུ་བསྡུས་ནས། དབུལ་སེལ་འགག་སྒྲོལ་གྱི་འཕེལ་རིམ་གནས་ཚུལ་སྐོར་གྱི་ཡར་ཞུ་ལ་གསན་པ་དང་། ཧ་ཅང་དབུལ་ཕོངས་ཡིན་པའི་གནས་ཚུལ་བསྒྱུར་བའི་ཇུས་གཞི་ལ་གཅིག་བསྡུས་ཀྱིས་ཞིབ་འཇུག་བྱས།
 ཁོས་ནན་གྱིས་བསྟན་དོན། དབུལ་སེལ་འགག་སྒྲོལ་བྱ་བའི་མིག་སྔའི་དུས་རིམ་གྱི་གཙོ་གནད་ནི་ཧ་ཅང་དབུལ་ཕོངས་ཡིན་པའི་གནད་དོན་ལ་ཞིབ་འཇུག་བྱས་ཏེ་ཐག་གཅོད་རྒྱུ་དེ་ཡིན་པས། རིམ་པ་སོ་སོའི་ཏང་ཨུས་ངེས་པར་དུ་ཧ་ཅང་དབུལ་ཕོངས་ཡིན་པའི་ས་ཁུལ་གྱིས་དབུལ་སེལ་འགག་སྒྲོལ་ལས་འགན་དུས་ལྟར་ཡོངས་འགྲུབ་བྱེད་པའི་དཀའ་ཚེགས་རང་བཞིན་དང་གལ་ཆེན་རང་བཞིན། དགོས་གཏུག་རང་བཞིན་བཅས་ལ་གོ་བ་ཟབ་མོ་བླངས་ཏེ། ཚོད་འཛིན་གྱི་འབུར་ཐོན་གནད་དོན་ཐག་གཅོད་རྒྱུ་གཙོ་གནད་དུ་འཛིན་པ་དང་། རྒྱབ་རྟེན་མ་ལག་སྟོབས་ཅན་དུ་གཏོང་བ། སྲིད་ཇུས་ཀྱི་གཟིགས་སྐྱོང་ཇེ་ཆེར་གཏོང་བ། གནད་ཕིགས་ཤུགས་འདོན་གཙིགས་སུ་འཛིན་པ། མཁྲེགས་པོའི་ནང་གི་མཁྲེགས་པོ་གཏོར་བ་བཅས་བྱས་ནས། ཧ་ཅང་དབུལ་ཕོངས་ཡིན་པའི་ས་ཁུལ་དང་དབུལ་ཕོངས་མང་ཚོགས་རྒྱལ་ཡོངས་མི་དམངས་དང་མཉམ་དུ་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སུ་སྐྱོད་པར་ཁག་ཐེག་བྱ་དགོས་ཞེས་གསུངས། 
        ཞི་ཅིན་ཕིང་གིས་བསྟན་དོན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་ལ། ཏང་ཀྲུང་དབྱང་གིས་དབུལ་ཕོངས་མི་གྲངས་དབུལ་ཕོངས་ལས་ཐར་བ་དེ་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་མངོན་འགྱུར་བྱེད་པའི་མཐའ་ཐིག་གི་ལས་འགན་དང་ཚབ་མཚོན་རང་བཞིན་གྱི་ཚད་གཞི་རུ་བརྩིས་ཏེ། རྒྱལ་ཡོངས་ནས་དབུལ་སེལ་འགག་སྒྲོལ་གྱི་འཐབ་འཛིང་ཁྱོན་ཡོངས་ནས་སྤེལ། དབུལ་ཐར་མཁྲེགས་གཏོར་གྱི་ཤུགས་ཚད་དང་གཞི་ཁྱོན། ཤན་ཤུགས་བཅས་ནི་སྔ་ན་མེད་པ་ཞིག་ཡིན། ད་ལྟ་ཕྱོགས་སོ་སོ་འགུལ་སྐྱོད་བྱེད་བཞིན་ཡོད་པ་དང་། ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་སྣ་ཚོགས་དངོས་འབེབས་ཅུང་བཟང་པོ་བྱེད་བཞིན་ཡོད་ལ། དབུལ་ཕོངས་མང་ཚོགས་ཀྱི་འཚོ་བའི་ཆུ་ཚད་མངོན་གསལ་གྱིས་ཇེ་མཐོར་འགྲོ་བཞིན་ཡོད་པ་དང་། དབུལ་ཕོངས་ས་ཁུལ་གྱི་རྣམ་པ་མངོན་གསལ་གྱིས་ཇེ་ལེགས་སུ་འགྲོ་བཞིན་ཡོད་ཅེས་གསུངས། 
        ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། རང་རྒྱལ་གྱི་དབུལ་སེལ་འགག་སྒྲོལ་བྱ་བའི་ལས་འགན་སྔར་བཞིན་ཧ་ཅང་ལྕི། ད་ལྟ་དབུལ་ཕོངས་ཀྱི་གནས་ཚུལ་མང་ཆེ་ཤོས་ཧ་ཅང་དབུལ་ཕོངས་ཡིན་པའི་ས་ཁུལ་དུ་འདུས་ཡོད་ལ། ས་ཁུལ་མང་ཆེ་ཤོས་ནི་གསར་བརྗེའི་གནས་རྙིང་དང་མི་རིགས་ས་ཁུལ། མཐའ་མཚམས་ས་ཁུལ་བཅས་ཡིན་པས། རྨང་གཞིའི་སྒྲིག་ཆས་དང་སྤྱི་ཚོགས་ལས་དོན་རྗེས་ལུས་ཡིན་པ་དང་། སྤྱི་ཚོགས་དཔལ་ཡོན་གྱི་ཚད་ཅུང་དམའ་ལ། སྐྱེ་ཁམས་ཁོར་ཡུག་ཉམས་ཞན་ཡིན་པ་དང་རང་བྱུང་གནོད་འཚེ་བསྟུད་མར་འབྱུང་བཞིན་ཡོད། དབུལ་ཕོངས་མི་གྲངས་ཀྱི་བསྡུས་ཚད་དང་དབུལ་ཕོངས་ཀྱི་འབྱུང་ཚད་མཐོ་བ་དང་། མིའི་ཆ་སྙོམས་ཀྱི་ཡོང་སྒོ་དམའ་ལ། ཐུན་མོང་དཔལ་འབྱོར་གྱི་སྟོབས་ཤུགས་ཞན་ཞིང་། དབུལ་ཐར་གྱི་ལས་འགན་ཧ་ཅང་ལྕི་བས། དབུལ་ཐར་གྱི་མ་རྩ་ཇེ་མཐོ་ནས་ཇེ་མཐོ་དང་དཀའ་ཚེགས་ཇེ་ཆེ་ནས་ཇེ་ཆེར་འགྲོ་བཞིན་ཡོད། དབུལ་སེལ་འགག་སྒྲོལ་ནི་མ་གཞི་ནས་འཐབ་འཛིང་དྲག་པོ་ཞིག་ཡིན་པ་དང་། ཧ་ཅང་དབུལ་ཕོངས་ཡིན་པའི་ས་ཁུལ་གྱི་དབུལ་སྐྱོར་མཁྲེགས་གཏོར་ནི་དེ་ལས་ཀྱང་འཐབ་འཛིང་དྲག་པོ་དེའི་ཁྲོད་ཀྱི་འཐབ་འཛིང་དྲག་པོ་ཡིན་པས། ངེས་པར་དུ་སྔར་ལས་གཅིག་བསྡུས་ཀྱིས་རྒྱབ་སྐྱོར་བྱེད་པ་དང་། སྔར་ལས་ནུས་ལྡན་གྱི་བྱེད་ཐབས་སྤྱོད་པ། སྔར་ལས་ཤུགས་ཡོད་ཀྱི་བྱ་བ་སྒྲུབ་པ་བཅས་བྱེད་དགོས་ཞེས་གསུངས། 
        ཞི་ཅིན་ཕིང་གིས་བསྟན་དོན། ཧ་ཅང་དབུལ་ཕོངས་ཡིན་པའི་ས་ཁུལ་གྱི་དབུལ་སྐྱོར་མཁྲེགས་གཏོར་མྱུར་དུ་སྤེལ་ན། ཏང་ཀྲུང་དབྱང་གི་གཅིག་གྱུར་བཀོད་སྒྲིག་ལྟར་དུ་གནད་ཕིགས་དབུལ་སྐྱོར་དང་གནད་ཕིགས་དབུལ་ཐར་གྱི་གཞི་རྩའི་ཇུས་གཞི་རྒྱུན་འཁྱོངས་དང་། ཀྲུང་དབྱང་གིས་གཅིག་གྱུར་བཀོད་སྒྲིག་བྱེད་པ་དང་ཞིང་ཆེན་གྱིས་སྤྱིའི་འགན་ཁུར་བ། གྲོང་ཁྱེར་དང་རྫོང་གིས་དངོས་འབེབས་དམ་འཛིན་བྱེད་པ་བཅས་ཀྱི་དོ་དམ་སྒྲིག་ལུགས་རྒྱུན་འཁྱོངས། ཏང་སྲིད་ཀྱི་འགན་ཁུར་པ་དང་པོས་སྤྱིའི་འགན་ཁུར་བའི་བྱ་བའི་འགན་ལེན་ལམ་ལུགས་རྒྱུན་འཁྱོངས། ཆེད་དོན་དབུལ་སྐྱོར་དང་ལས་རིགས་དབུལ་སྐྱོར། སྤྱི་ཚོགས་དབུལ་སྐྱོར་སོགས་ཕྱོགས་མང་པོའི་སྟོབས་ཤུགས་དང་སྣ་མང་པོའི་བྱེད་ཐབས་ནུས་ལྡན་སྒོས་ཟུང་སྦྲེལ་བྱེད་པ་དང་ཕན་ཚུན་རྒྱབ་རྟེན་དུ་བྱེད་པའི་ཕྱོགས་གསུམ་གཞི་གཅིག་གི་དབུལ་སྐྱོར་ཆེན་པོའི་རྣམ་པ་རྒྱུན་འཁྱོངས་བཅས་བྱས་ཏེ། ཚོད་འཛིན་གྱི་འབུར་ཐོན་གནད་དོན་ཐག་གཅོད་རྒྱུ་གཙོ་གནད་དུ་འཛིན་པ་དང་། དབུལ་སྐྱོར་གྱི་བཟོ་སྐྲུན་ཆེན་པོ་དང་སྡེ་བ་དང་ཁྱིམ་ཚང་དུ་ལག་བསྟར་བྱེད་པའི་རོགས་སྐྱོར་སྲིད་ཇུས་ཐབས་ཤེས་སུ་བརྩི་བ། ཞན་ཆ་གསབ་པ་དེ་བརྒལ་གཏོར་བྱེད་སར་བརྩི་བ་བཅས་བྱ་དགོས། ཉེ་བའི་ལོ་འགའི་རིང་ལ་ང་ཚོར་ཧ་ཅང་དབུལ་ཕོངས་ཡིན་པའི་གནད་དོན་ཐག་གཅོད་པའི་ཐད་ནས་ཉམས་མྱོང་དང་དཔེ་གཞི་ཕུན་སུམ་ཚོགས་པ་ཡོད་ལ། ལག་ལེན་ལས་ཧ་ཅང་མཐོང་ཆེན་བྱས་པ་དང་། བསམ་ཕྱོགས་འགྲིག་པ། བྱེད་ཐབས་ལ་ནུས་པ་ཡོད་པ། བྱ་བ་ནན་ཏན་གྱིས་བསྒྲུབས་པ་བཅས་བྱས་ན། ཧ་ཅང་དབུལ་ཕོངས་ཡིན་པའི་གནད་དོན་དེ་རྩ་བ་ནས་བསྒྱུར་ཐུབ་པ་ར་སྤྲོད་བྱས་ཡོད་ཅེས་གསུངས། 
        ཞི་ཅིན་ཕིང་གིས་དེའི་ཐད་ལ་བླང་བྱ་བརྒྱད་བཏོན་པ་སྟེ། གཅིག དབུལ་ཐར་གྱི་དམིགས་འབེན་ལུགས་མཐུན་སྒོས་གཏན་ཁེལ་བྱ་དགོས། གཉིས། དངུལ་གཏོང་དང་རྒྱབ་སྐྱོར་གྱི་ཤུགས་ཚད་ཇེ་ཆེར་གཏང་དགོས། གསུམ། ཁྱད་སྟོབས་ནུས་ཤུགས་གཅིག་བསྡུས་ཀྱིས་མཁྲེགས་གཏོར་འཐབ་འཛིང་སྤེལ་དགོས། བཞི། ཁུལ་ཁོངས་འཕེལ་རྒྱས་ཀྱིས་ངེས་པར་དུ་གནད་ཕིགས་དབུལ་སྐྱོར་ལ་དམིགས་ནས་ཤུགས་འདོན་དགོས། ལྔ། ཕྱོགས་སོ་སོའི་རོགས་སྐྱོར་ཤུགས་ཚད་ཇེ་ཆེར་གཏང་དགོས། དྲུག ནང་གནས་ཀྱི་སྒུལ་ཤུགས་སྐྱེད་སྲིང་བྱེད་ཤུགས་ཇེ་ཆེར་གཏང་དགོས། བདུན། རྩ་འཛུགས་དང་མགོ་ཁྲིད་ཤུགས་ཚད་ཇེ་ཆེར་གཏང་དགོས། བརྒྱད། ཞིབ་བཤེར་ལྟ་ཞིབ་ལ་ཤུགས་སྣོན་དགོས་ཞེས་གསུངས།།
        


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1