ཟླ6པའི་ཚེས20ཉིན་གྱི་སྔ་དྲོར། “སྒོ་འབྱེད་མཉམ་ལས་དང་ལྷད་མེད་འཕེལ་རྒྱས”བརྗོད་དོན་ཡིན་པའི་སྐབས་བཅོ་བརྒྱད་པའི་ཀྲུང་གོའི་མཚོ་སྔོན་ཚོང་གཏམ་གྲོས་ཚོགས་དང་སྐབས་བཞི་བའི་མཚོ་སྐོར་རྒྱལ་སྤྱིའི་གློག་སྒུལ་འཕྲུལ་འཁོར་འགྲན་བསྡུར་ཟི་ལིང་རྒྱལ་སྤྱིའི་འགྲེམ་སྟོན་ལྟེ་གནས་སུ་དངོས་སུ་ཚོགས་པ་རེད།
གསར་འགོད་པས་མཚོ་སྔོན་ཚོང་གཏམ་གྲོས་ཚོགས་སྐབས་བཅོ་བརྒྱད་པའི་རྩ་འཛུགས་གྲ་སྒྲིག་བྱ་བའི་གྲོས་ཚོགས་ཐེངས་གསུམ་པའི་སྟེང་རྒྱུས་ལོན་བྱུང་བ་ལྟར་ན། སྐབས་འདིའི་མཚོ་སྔོན་ཚོང་གཏམ་གྲོས་ཚོགས་སྐབས་སུ་རྒྱལ་སྤྱིའི་འགྲེམ་སྟོན་ལྟེ་གནས་སུ་ཁུལ་ཁོངས་མཉམ་ལས་ཁང་དང་ས་ཁུལ་ཐོན་ལས་ཁང་། ཁྱད་ཆོས་ཆེད་དོན་ཁང་། ཁེ་ལས་བརྗེ་རེས་ཁང་། ཚོང་རྫས་ཉོ་ཚོང་ཁང་བཅས་འགྲེམ་སྟོན་ཁང་ཆེན་པོ་ལྔ་བཙུགས་ཡོད་ལ། འགྲེམ་སྟོན་ཁང་གི་རྒྱ་ཁྱོན་ལ་སྨི་ངོས་སྙོམས་གྲུ་བཞི་མ་ཁྲི་ལྔ་ཡོད་པ་དང་། བསྡོམས་པས་འགྲེམ་ཁུལ་ང་གཉིས་དང་ཚོང་རྫས་འགྲེམ་སྟོན་བྱེད་ས་བཞི་ཡོད་པ་རེད།
དེ་རིང་བར་དུ། འགྲེམ་སྟོན་ལ་ཞུགས་པའི་ཞིང་ལྗོངས་དང་གྲོང་ཁྱེར། ཁེ་ལས། ར་བའི་ཁུལ་བཅས་དོན་ལྔ་གཏན་ཁེལ་བྱས། པེ་ཅིན་དང་ཐེན་ཅིན། ཧྲན་ཏུང་། ཀྲེ་ཅང་། ཅང་སུའུ། ཧུའུ་པེ། ཧྲན་ཞི། ཁྲུང་ཆིན། སི་ཁྲོན། ཧྲན་ཞི། ཉིན་ཞ། ཀན་སུའུ། ཧྲིན་ཀྲིན། ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ་སོགས་ཞིང་ལྗོངས་དང་གྲོང་ཁྱེར། ས་ཁུལ་བཅུ་བཞི་འགྲེམ་སྟོན་ལ་ཞུགས་རྒྱུ་ཡིན་ཞིང་། རྒྱལ་ཁབ་གློག་ཤུགས་དངུལ་གཏོང་དང་ཀྲུང་གོ་རྡོ་སྣུམ། ཀྲུང་གོ་འབྲེལ་མཐུད། ཀྲུང་གོ་སྤོ་སྒུལ། ཀྲུང་གོ་གློག་འཕྲིན་སོགས་ཀྲུང་དབྱང་གོ་ཁེ་ལས་དྲུག་དང་། ཚྭ་མཚོ་མ་རྐང་ཚད་ཡོད་ཀུང་ཟི་དང་སན་ཅང་སྡེ་ཚོགས། དངོས་ཐོན་སྡེ་ཚོགས། མཚོ་སྔོན་དངུལ་ཁང་སོགས་ཁེ་ལས་འགྲེམ་སྟོན་ལ་ཞུགས་རྒྱུ་རེད།
རྒྱུས་ལོན་བྱུང་བ་ལྟར་ན། དྲ་ཐོག་ནས་ཚོང་གཏམ་གྲོས་ཚོགས་སྟེང་ཞུགས་པར་ཐོ་འགོད་བྱས་ཡོད་པའི་མི་གྲངས་གཞི་ནས་ཁྲི་གཅིག་དང་སྟོང་གསུམ་བདུན་བརྒྱ་བཞི་བཅུར་སླེབས་ཡོད་པ་དང་། ལོ་སྔོན་མ་དང་བསྡུར་ན་མི་སྟོང་གཅིག་བརྒྱ་དང་དྲུག་ཅུའི་ཇེ་མང་དུ་སོང་ཡོད་པ་རེད། ཚོགས་ཞུགས་མི་སྣ་འདི་དག་གི་ཁྲོད་དུ། ཞིང་ཆེན་དང་གྲོང་ཁྱེར་སོ་གཅིག་གི་འཐུས་ཚབ་ཚོགས་པ་དང་། ཀྲུང་དབྱང་གི་ཁེ་ལས་བཅུ་གཅིག་གི་འཐུས་ཚབ་ཚོགས་པ། མགྲོན་པོ་དང་ཚོང་གཉེར་བ་དོན་བཞིའི་འཐུས་ཚབ་ཚོགས་པ་བཅས་དང་། འཛམ་གླིང་ཡོངས་ཀྱི་རྒྱལ་ཁབ་ཉེར་གཅིག་དང་ས་གནས་ཁག་གི་ཚོང་དོན་འཐུས་ཚབ་མི་སྣ་སྟོང་དགུ་དང་ལྔ་བརྒྱ་སོ་ལྔ་ལྷག་ཡོད་ལ། ཚོགས་ཞུགས་བྱེད་རྒྱུ་ཡིན་པའི་ཁེ་ལས་སྟོང་གསུམ་དང་དགུ་བརྒྱ་ལྷག་ཡོད་པ་རེད། ཐེངས་འདིའི་ཚོང་གཏམ་གྲོས་ཚོགས་སྟེང་ཐོ་འགོད་བྱས་པའི་མི་གྲངས་དང་ཁེ་ལས་ནི་ལོ་རྒྱུས་སྟེང་ཆེས་མང་བ་ཞིག་ཡིན་ལ། འདི་ལས་མཚོ་སྔོན་ཞིང་ཆེན་ཁྱོན་ཡོངས་ནས་སྒོ་འབྱེད་འཕེལ་རྒྱས་ཀྱི་མཆོང་སྐྱོད་གསར་བའི་ཕྱོགས་སུ་བསྐྱོད་པར་མངོན་ཡོད། །