སྤྱི་ཟླ་3པའི་ཚེས་7ཉིན། སི་ཁྲོན་ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་དང་ཞིང་ཆེན་ལས་ཞུགས་ཅུས་ཀྱིས་གཙོ་སྒྲིག་གནང་པའི་2017ལོའི་དཀར་མཛེས་ཁུལ་གྱི་ལས་ཞུགས་དབུལ་སྐྱོར་གྱི་ཡུལ་དངོས་གདན་ཞུའི་ཚོགས་འདུ་ལྕགས་ཟམ་ཐང་ཆེན་དུ་འཚོགས། ཐེངས་འདིའི་ཡུལ་དངོས་གདན་ཞུའི་ཚོགས་འདུར་ཡུལ་དངོས་སུ་བློ་འདྲི་ཡོང་མཁན་གྱི་མི་གྲངས་5865དང་མིང་ཐོ་འགོད་མཁན་གྱི་མི་གྲངས་4959ཡོད་པ་དང་། གྲོས་མཐུན་བྱུང་མཁན་གྱི་མི་གྲངས་1852ཟིན། སི་ཁྲོན་ཞིང་ཆེན་གྱི་ལས་ཞུགས་ཞབས་ཞུ་དོ་དམ་ཅུས་ཀྱི་ཅུས་ཀྲང་ཧོང་ཞོ་ཏུང་དང་དཀར་མཛེས་ཁུལ་ཏང་ཨུའི་རྒྱུན་ཨུ། ཁུལ་མི་དམངས་སྲིད་གཞུང་གི་རྒྱུན་ལས་ཁུལ་དཔོན་གཞོན་པ་ཀྲོའོ་པུའུ་བཅས་ཚོགས་འདུར་ཞུགས་པ་མ་ཟད་གསུང་བཤད་གནང་།
ཀྲོའོ་པུའུ་ཡིས་ཐེངས་འདིའི་ཡུལ་དངོས་གདན་ཞུའི་ཚོགས་འདུ་ནི་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་། དེ་མིན་ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་དང་ཞིང་ཆེན་ལས་ཞུགས་ཞབས་ཞུ་དོ་དམ་ཅུས་བཅས་ཀྱིས་རང་ཁུལ་གྱི་དབུལ་སེལ་འགག་སྒྲོལ་ལས་དོན་གྱི་འཐབ་ཇུས་བཀོད་སྒྲིག་ལ་དོན་ཁུར་དང་རྒྱབ་སྐྱོར་བྱས་པ་ཡིན་ལ། འདི་ནི་ཀྲུའུ་ཧེ་གྲོང་ཁྱེར་དང་ཏེ་དབྱང་གྲོང་ཁྱེར་གྱིས་རྒྱལ་ཁབ་གྱི་ནུར་ཤར་དབུལ་སྐྱོར་འཐབ་ཇུས་དང་ཞིང་ཆེན་ནང་ཁུལ་གྱི་ཁ་གཏད་རོགས་སྐྱོར་གྱི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་བྱས་པའང་རེད། རང་ཁུལ་གྱིས་གཅིག་འགྱུར་སྒོས་འཕེལ་རྒྱས་དང་དམངས་འཚོ། བརྟན་ བརླིང་བཅས་དོན་ཆེན་གསུམ་ལ་སྐུལ་འདེད་གཏོང་པའི་འཐབ་ཇུས་གལ་ཆེན་ཞིག་ཡིན་ཞེས་བསྟན།