འཁོར།

འབྲེང་པ་ནས། རྩོམ་སྒྲིག་པ།ཚེ་འཛིན་སྒྲོལ་དཀར།ཡོང་ཁུངས།མི་རིགས། སྤེལ་དུས། 01-16


སྤྲིན་པ་ཚོམ་བུ་ཤར་ནས་ནུབ་དུ་ཕྱིན། །

ཉི་འོད་ཐིགས་པ་འཕེལ་ནས་འགྲིབ་པར་གྱུར། །

ཤར་རླུང་འཇམ་པོ་ལྡང་ཞིང་འཇགས་པར་གྱུར། །

སྡོང་ལོ་ལྗང་གུ་སྐམ་ཞིང་འཐོར་བར་གྱུར། །

ཆུ་བོའི་རླབས་སྒྲ་ཆེ་ནས་ཆུང་དུ་ཕྱིན། །

མེ་ཏོག་འདབ་ཁ་བཞད་ཅིང་རུབ་པར་གྱུར། །

བྱེའུ་ཆུང་གཤོག་སྒྲོ་བརྐྱངས་ཤིང་འཕུར་ནས་སོང་། །

རྟེའུ་ཕྲུག་གོམ་ལག་ལོབས་ཤིང་འདྲོགས་ནས་སོང་། །

བེའུ་ཕྲུག་ཤ་ཤེད་རྒྱས་ཤིང་ཞོགས་ནས་སོང་། །

སྟག་ཕྲུག་དཔའ་རྩལ་རྒྱས་ཤིང་མཆོངས་ནས་སོང་། །

ལུ་གུ་ན་ཚོད་སོན་ཞིང་ལྡིང་ནས་སོང་། །

ཉ་ཕྲུག་རྐྱལ་རྩལ་བྱང་ཞིང་འཁྱུག་ནས་སོང་། །

ལྗང་པ་སྐྱེས་ཞིང་སྨིན་ནས་མགོ་ལྕོག་དུད། །

མི་དེ་རྒས་ཤིང་འཁོགས་ནས་ལུས་པོ་གུག །

དགོད་སྒྲ་འཁོར་ཞིང་མཆེད་ནས་དབེན་དུ་ལྷུང་། །

དར་ལྕོག་གཡོས་ཤིང་འདུར་ནས་ཐལ་དུ་ཟགས། །

ཁ་བ་འབབ་ཅིང་ཆགས་ནས་ཉི་མས་བཞུས། །

ཆུ་ཆེན་བཞུར་ཞིང་བརྒྱུགས་ནས་གཅིག་ཏུ་འདྲེས། །

མེ་ལྕེ་མཆེད་བཞིན་ལ་ཀླུང་མང་པོ་བསྲེགས། །

ཆར་བ་འབབ་ཀྱིན་གྲོང་སྡེ་ཡུག་གཅིག་བརླགས། །

ས་ཆེན་གཡོ་བཞིན་འབྱུང་བཞི་ཁྲག་ལྟར་དཀྲུགས། །

སྐད་ཆ་འཆད་བཞིན་ཚིག་རྔ་སྐྱོན་གྱིས་ཤན། །

ཐག་པ་མཐུད་ཀྱིན་སྣེ་མོ་མདུན་པས་བརྒྱན། །

གོམ་པ་སྤོ་བཞིན་རྡོག་མཐིལ་གསལ་ལེ་རལ། །

ལམ་སྣེ་ཆད་འདུག་བསམས་དུས་འགྲོ་ས་ཞིག །

གཏམ་སྣེ་རྫོགས་སོང་བསམས་དུས་གོ་རྒྱུ་ཞིག །

གཏམ་རྒྱུད་ཟད་སོང་སྙམ་དུས་དབུ་ཁྱུད་ཅིག །

མར་མེ་ཟིམ་སོང་དྲན་དུས་གསལ་ཐིག་ཅིག །

མུན་པ་གསལ་སོང་སྙམ་དུས་ནག་ཤེད་ཅིག །

གོ་བ་ལོན་སོང་བསམས་དུས་བརྗེད་ངེས་ཤིག །

སེང་གེ་སྟོབས་ལྡན་རྒས་ནས་འཆི་ལ་རན། །

སྲོ་མ་ངང་རིལ་བཙུར་ནས་འགད་ལ་ཁད། །

ཆུ་ཐིགས་རྡོག་མ་ཟགས་ནས་ཟད་ལ་ཁད། །

ཆབ་རོམ་སྐྱ་བོ་ཞི་ནས་ཡལ་ལ་ཁད། །

རྩྭ་མགོའི་ཟིལ་བ་འཐོར་ནས་མེད་ལ་ཁད། །

ཡོད་ཚད་དེ་ནི་འདི་འདྲ་ཉིད་དུ་འཁོར། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1