ཟླ་12ཚེས་15ཉིན། བོད་ལྗོངས་གཡག་རྟེན་རྫས་བཤམས་མཛོད་ཁང་དང་རྒྱལ་སའི་རྟེན་རྫས་བཤམས་མཛོད་ཁང་གིས་མཉམ་དུ་སྤེལ་བའི་《འབྲི་གཡག་པེ་ཅིང་དུ་བསྐྱོད་པ། ས་མཐོའི་འབྲི་གཡག་རིག་གནས་འགྲེམས་སྟོན།》ཞེས་པ་རྒྱལ་སའི་རྟེན་རྫས་བཤམས་མཛོད་ཁང་དུ་འགྲེམས་སྟོན་བྱས་པ་རེད། འགྲེམས་སྟོན་དངོས་པོའི་ནང་འབྲི་གཡག་གི་དངོས་དཔེ་དང་འབྲི་གཡག་དང་འབྲེལ་བའི་ཐོན་སྐྱེད་དང་འཚོ་བའི་མཁོ་ཆས། དེ་བཞིན་འབྲི་གཡག་དང་འབྲེལ་བའི་སྒྱུ་རྩལ་བརྩམས་ཆོས་500ལྷག་ཙམ་ཡོད་པ་རེད། འབྲི་གཡག་གིས་མཚོ་བོད་ས་མཐོའི་སྲོལ་རྒྱུན་གྱི་ཐོན་སྐྱེད་དང་འཚོ་བ་སྐྱེལ་སྟངས་གྲུབ་ཡོད། འབྲི་གཡག་ནི་ས་མཐོའི་འབྲོག་པའི་ཟས་གོས་སྡོད་གསུམ་དང་། དབོར་འདྲེན། འབུད་རྫས། རྨོ་འདེབས་བཅས་ཚང་མར་མེད་དུ་མི་རུང་བ་ཞིག་ཡིན། འགྲེམས་སྟོན་2017ལོའི་ཟླ་3ཚེས་15ཉིན་བར་སྤེལ་རྒྱུ་རེད།
ལོ་ཁྲི་4.5ཡི་གོང་གི་གནའ་བོའི་འབྲི་གཡག་གི་འགྱུར་རྡོ་དང་། ལོ་4000གོང་གི་རྡོ་ཆས་སྤྱོད་པའི་དུས་རབས་གསར་པའི་བྲག་བརྐོས་རི་མོ། ལོ་2000གོང་གི་གསེར་འབྲོང་གི་རྒྱན་ཆས། ལོ་1000གོང་གི་བསྲེས་ལྕགས་ལུགས་རྒྱག་མའི་སྒྲིག་ཆས། ལོ་བརྒྱ་ཕྲག་གི་ལོ་རྒྱུས་ལྡན་པའི་ལྡེབས་རིས་དང་ཐང་ག ཆིང་རྒྱལ་རབས་ཀྱི་ལག་བྲིས་རི་མོ་འབྲི་གཡག་གི་ཁ་བཏགས་སོགས་འབྲི་གཡག་དང་འབྲེལ་བ་ཡོད་པའི་སྒྱུ་རྩལ་བརྩམས་ཆོས་500ལྷག་ཙམ་ཚེས་15ཉིན་རྒྱལ་སའི་རྟེན་རྫས་བཤམས་མཛོད་ཁང་དུ་འགྲེམས་སྟོན་བྱས་པ་རེད།