མཛོད་དགེའི་ལྷ་མོ་དགོན་འཛམ་གླིང་ཏུ་གྲགས་ཚུལ་དང་དེས་སྤྱི་ཚོགས་ལ་ཐོན་པའི་ཕན་ནུས།

སྒྲོལ་མ་ཚེ་རིང་གིས་བྲིས་ཤིང་པར་བླངས། རྩོམ་སྒྲིག་པ།ཚེ་འཛིན་སྒྲོལ་དཀར།ཡོང་ཁུངས།ཁ་བཏགས་དཀར་པོ། སྤེལ་དུས། 10-26



        ཀུན་གྱིས་མཁྱེན་གསལ་ལྟར། ཡུན་ནན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱི་སེམས་ཀྱི་ཉི་ཟླ་ཞེས་སྙན་གྲགས་འཛམ་གླིང་ཀུན་ལ་ཁྱབ་འདུག་པ་ནི། དབྱིན་ཇིའི་རྩོམ་པ་པོ་ཞི་ཨར་ཏུན་ལགས་ཀྱི་བྲིས་པའི 《 ་ ནུབ་སོང་བའི་ཞིང་ཁམས།》ཞེས་པས་ཁྱབ་བསྒྲགས་ཀྱི་ནུས་པ་ཁྱད་པར་བ་ཞིག་ཐོན་པས་རེད། དེ་བཞིན་སི་ཁྲོན་ཞིང་ཆེན་མཛོད་དགེ་རྫོང་གི་ལྷ་མོ་ཀིརྟི་དགོན་ཞེས་པ་འདི་ཡང་ནུབ་ཕྱོགས་པ་ཞིག་གིས་བྲིས་པའི་དཔེ་དེབ་གཅིག་ལས་འཛམ་གླིང་ཡོངས་ལ་གྲགས་པར་གྱུར། དཔེ་ཆ་འདིའི་མིང་ལ་《བོད་ཀྱི་ཞིང་ཁམས།》ཞེས་འབོད་ཅིང་། རྩོམ་པ་པོ་ནི་ཨ་རིའི་ཆོས་སྤེལ་བ་ལའོ་པོ་ཐེ་ཨེ་ཁེ་ཝའར་ཞེས་པ་རེད།
        ཞི་ཨར་ཏུན་གྱི་《ནུབ་སོང་བའི་ཞིང་ཁམས།》སུ་སེམས་ཀྱི་ཉི་ཟླའི་སྐོར་ཞིབ་བརྗོད་བྱས་པ་རྟོག་བཟོ་ཡིན་པ་ལས་ཁོ་རང་དངོས་སུ་སེམས་ཀྱི་ཉི་ཟླ་ཞེས་པའི་ཡུལ་ཞིག་ལ་ཐོན་མྱོང་མེད། འོན་ཏེ། ཨེ་ཁེ་ཝ་འར་ལྷ་མོའི་ཀིརྟི་དགོན་ལ་དངོས་སུ་བསླེབས་པ་མ་ཟད། ས་དེ་ནས་ལོ་མང་པོར་འཚོ་བར་རོལ་ནས་བསྡད། ཨེ་ཁེ་ཝ་འར་ནི་ཡེ་ཤུའི་ཆོས་ལུགས་ཀྱི་ཆོས་སྤེལ་བ་རྣལ་མ་ཞིག་ཡིན་མོད། ཇི་མི་སྙམ་པར་བོད་བརྒྱུད་ནང་བསྟན་དར་ཁྱབ་ཤིན་ཏུ་ཆེ་བའི་སྟག་ཚང་ལྷ་མོ་རུ་ཡོང་ནས་འཚོ་བར་རོལ་ཞིང་། ཁོང་གི་ཐུན་མིན་གྱི་སྨྱུག་རྩལ་ལ་བརྟེན་ནས་འཇིག་རྟེན་མི་ཡུལ་གྱི་དགའ་སྐྱོ་འདྲེས་མའི་འཚོ་བ་དང་ངོ་མཚར་བའི་རང་བྱུང་གི་ཡུལ་ལྗོངས་སོགས་ཞིབ་བརྗོད་བྱས།


          བོད་བརྒྱུད་ནང་བསྟན་ཁོ་ནར་དད་པ་བྱེད་པའི་བོད་ཀྱི་ས་ཁུལ་ཞིག་ཏུ་ཆོས་ལུགས་གཞན་པ་ཞིག་སྤེལ་བསམ་པ་ནི་དཀའ་ལས་ཤིན་ཏུ་ཆེ་བའི་ལས་ཀ་ཞིག་རེད། དེ་བས་ཆོས་སྤེལ་རྒྱུ་ཁོ་ན་དམིགས་སུ་བྱས་པའི་ཨེ་ཁེ་ཝའར་གྱིས་ཀིརྟི་དགོན་དང་དེའི་ཉེ་ཁོར་དུ་ཆོས་སྤེལ་བའི་ལས་ཀ་དེ་འདྲའི་བློར་འབབ་པ་ཞིག་བྱུང་མེད། ཡིན་འང་ཁོང་གི་《བོད་ཀྱི་ཞིང་ཁམས།》ཞེས་པ་དེས་སྟག་ཚང་ལྷ་མོ་ཞེས་པའི་ས་མིང་འདི་ལུང་ཕྱོགས་ཀུན་ལ་ཁྱབ་ཏུ་བཅུག་པ་རེད། དེབ་དེ་རུ་གཙོ་བོ་ཡུལ་དེའི་བོད་མི་རྣམས་ཀྱི་འབྲོག་པའི་འཚོ་བ་དང་མཛེས་སྡུག་གི་ཡུལ་ལྗོངས་བཀོད་པ་སོགས་བྲིས་ཡོད་ལ། དེ་ལ་ཨ་མེ་རི་ཀའི་ཉིའུ་ཡོག་དུས་སྐབས་ཚགས་པར་དུ་འདི་ནི་ཁྱད་ཆོས་འབུར་དུ་ཐོན་ཞིང་། མི་རྣམས་ཀྱི་ཡིད་དབང་རབ་ཏུ་འགུག་པའི་དཔེ་དེབ་ཞིག་རེད་ཅེས་ཀྱང་བཤད་ཡོད།
        ཨེ་ཁེ་ཝ་འར་གྱི་ཁྱད་ཆོས་ཆེ་ཤོས་ཞིག་ནི། ས་གནས་མང་ཚོགས་དང་འབྲེལ་འདྲིས་བྱེད་པར་བོད་སྐད་ཀྱི་ལམ་ནས་ཁ་བརྡ་ལྷུག་པོར་བྱེད་ཐུབ་པ་དེ་རེད། ཁོང་གི་ཕ་མ་གཉིས་ནི་ཀན་ལྷོར་མངག་པའི་ཆོས་སྤེལ་བའི་སྐོར་དང་པོའི་གྲས་ཡིན་ལ། ཨེ་ཁེ་ཝ་འར་ཁོ་རང་ཡང་1898ལོར་ཀན་སུའུ་རྨེ་རི་རྫོང་དུ་སྐྱེས། བྱིས་དུས་ཀན་སུའུ་ཡི་ནུབ་ལྷོ་ས་ཁུལ་དུ་འཚར་ལོངས་བྱུང་པས་རྒྱ་སྐད་ལ་བྱང་བ་དང་། རྗེས་སུ་བོད་སྐད་ཀྱང་བསླབ་ནས་བོད་སྐད་ལ་ཡང་བྱང་བར་གྱུར། 1926ལོའི་ཟླ་5པར། ཨེ་ཁེ་ཝ་འར་རྨེ་རི་བརྒྱུད་ནས་ལྷ་མོ་ཀིརྟི་དགོན་དུ་བསླེབས། སྐབས་དེར་ལྷ་མོའི་ངོ་མཚར་བའི་སྣོད་ཀྱི་བཀོད་པ་དེ་དག་མཐོང་ནས་ཁོང་གི་ཡིད་ཀྱི་བརྟན་པ་ཅིག་ཅར་དུ་འཕྲོག་པར་བྱས། ཨེ་ཁེ་ཝ་འར་ཐོག་མར་གནས་འདིར་ཡོང་དུས་ས་གནས་མི་སེར་རྣམས་ཁོ་ལ་དེ་ཙམ་དགའ་བོ་མེད། རྗེས་སུ་ཁོང་གིས་དགོན་སྡེ་ཁག་གི་འགལ་བ་བེད་སྤྱོད་བྱས་ཏེ། 1930ལོའི་སྟོན་ཀ་ཙམ་ལ་ཁོ་དང་ཆུང་མ། བུ་ཚ་བཅས་ཚོང་ཁང་ཆུང་ངུ་ཞིག་ཏུ་འདུག་ཐུབ་པ་བྱུང་། ཨེ་ཁེ་ཝ་འར་ལ་ད་དུང་ཤེས་རབ་བརྩོན་འགྲུས་ཅེས་པའི་བོད་མིང་ཞིག་ཀྱང་བཏགས་པར་བཤད། ཁོ་ཚོས་ལྷ་མོ་ཀིརྟི་དགོན་གྱི་ཉེ་འདབས་རྟེན་གཞི་བྱས་ནས་ཡུལ་འདི་རུ་ལོ་5ལ་འཚོ་བར་རོལ་ནས་བསྡད། དེ་རྗེས་ཨ་རིར་སོང་ནས་ལོ་4ལ་བསྡད་པ་དང་1939ལོར་ཡང་བསྐྱར་ལྷ་མོ་རུ་ཕྱིར་འོངས། ཨེ་ཁེ་ཝ་འར་ལ་ཆོས་སྤེལ་བ་དང་རྩོམ་པ་པོ། བོད་རིག་པ། ལོ་ཙཱ་བ་བཅས་ཀྱི་ཆོ་ལོ་ཡང་མང་པོ་ཞིག་ཡོད། དུས་དེར་ཁོང་གིས་སྟག་ཚང་ལྷ་མོ་རུ་ཆོས་སྤེལ་བྱ་བ་ཅི་ཡང་མ་འགྲུབ་ན་ཡང་། ཕྱིར་ལོག་རྗེས་ནམ་ཡང་བརྗེད་ཐབས་མེད་པ་ནི་སྟག་ཚང་ལྷ་མོའི་མཛེས་སྡུག་གི་འཚོ་བ་དེ་དག་རེད། དེ་བས་སྔོན་གྱི་ཟིན་བྲིས་རྣམས་དག་སྒྲིག་བྱས་ནས་《 བོད་ཀྱི་ཞིང་ཁམས།》ཞེས་པའི་དཔེ་དེབ་དེ་པར་བསྐྲུན་བྱས།



         ཐག་རིང་ནས་སྟག་ཚང་ལྷ་མོ་ཀིརྟི་དགོན་དང་དེའི་ཉེ་འདབས་ཀྱི་གྲོང་བརྡལ་ལ་བལྟས་ཚེ། ཐེ་ཆུའི་འགྲམ་གཉིས་ཀྱི་རི་འགོ་རུ་ཁ་བ་གངས་ཀྱིས་བཟུང་བ་དང་སྤྲིན་དཀར་དང་ཨ་སྔོན་གྱི་བར་ན་རི་རྩེ་མཁའ་ལ་ཟུག་ཡོད། རི་སྐེད་ཚང་ཚིང་གཡུ་ལོས་ཁེབས་ཤིང་ལྗོན་པའི་ཚོགས་ཀྱིས་ཡོངས་སུ་བསྐོར། གྲོང་བར་དང་སྲང་ལམ་སོགས་ན་བསང་དུད་དང་བདུག་སྤོས་ཀྱི་དྲི་ཞིམ་གྱིས་ཁྱབ་ཅིང་ཆོས་སྐད་ཀྱང་ག་ས་གང་ནས་གོ་ཐུབ། དགོན་པའི་ཉེ་ཁོར་དུ་རྒྱ་བོད་ཧུའེ་གསུམ་གྱི་ཚོང་འགྲུལ་མང་པོ་མཉམ་དུ་བསྡད་ཡོད། ཡུལ་དེའི་དགོན་པ་དང་གྲོང་སྡེའི་ཁང་པ་ནི་ས་རྡོ་ཤིང་གསུམ་ལས་བྱས་པ་ཡིན་ལ་རྒྱང་རིང་ནས་བལྟས་ཚེ་ལུང་པ་དེ་རུ་དགོན་པ་དང་གྲོང་སྡེ་ཁྲ་ལམ་མེར་གང་ཡོད། དབྱར་དུས་གནས་འདི་རུ་རྩྭ་ལྗང་གཡུ་ལོ་འཁྲིག་སེ་ཡོད་པ་དང་སྤང་ལྗོངས་སྔོན་མོའི་གསེབ་ཏུ་མེ་ཏོག་དཀར་དམར་སེར་གསུམ་ཁྲ་ལམ་མེར་བཞད། དེ་ལྟ་བུ་ལྟ་བས་མཆོག་མི་ཤེས་པ་དང་ལྷའི་བཟོ་པ་བི་ཤྭ་ཀརྨའི་པིར་རྩེ་ལས་ཐོན་པ་ལྟ་བུའི་སྣོད་ཀྱི་བཀོད་པ་ནི། ཨེ་ཁེ་ཝ་འར་གྱི་《བོད་ཀྱི་ཞིང་ཁམས།》ཞེས་པར་ཚིག་རིས་སྒྱུ་རྩལ་གྱིས་ཇི་བཞིན་མཚོན་པར་བྱས་ཡོད་པས། དེས་སྟག་ཚང་ལྷ་མོ་ཞེས་པའི་ཡུལ་དེ་ཡུན་ནན་གྱི་སེམས་ཀྱི་ཉི་ཟླ་ཇི་བཞིན་ནུབ་ཕྱོགས་ཀྱི་ཡུལ་གྲུ་ཁག་ལ་གྲགས་ཏུ་བཅུག་པ་རེད།


          ལྷ་མོ་ཀིརྟི་དགོན་ནི་སི་ཁྲོན་མཛོད་དགེ་རྫོང་གི་མངའ་འོག་ཡིན་པ་དང་ཚང་མས་སྟག་ཚང་ལྷ་མོ་ཞེས་འབོད་བཞིན་ཡོད། ལྷ་མོ་དགོན་གྲོང་བརྡལ་དང་ཐེ་ཆུའི་ཕ་རོལ་གྱི་གསེར་ཁྲི་དགོན་པ་ནི་ཀན་སུའུ་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་ཀླུ་ཆུ་རྫོང་དུ་གཏོགས་པས། ཡུལ་འདི་སི་ཁྲོན་དང་ཀན་སུའུ་ཞིང་ཆེན་གཉིས་ཀར་ཐུན་མོང་དུ་གཏོགས་པའི་སྣང་ཚུལ་ཁྱད་པར་བ་འདི་བྱུང་བ་རེད། ཀྲུང་ཧྭ་མིན་གོ་ནས་ཀན་སུའུ་ཞིང་ཆེན་གྱི་སྲིད་འཛིན་མངའ་ཁོངས་ལ་འགྱུར་ལྡོག་ཐེངས་མང་བྱུང་མྱངས་མོད། ཀན་སུའུ་དང་སི་ཁྲོན་ཞིང་ཆེན་གཉིས་ཀས་བདག་བྱེད་པའི་རྣམ་པར་རྩ་བའི་ཆ་ནས་འགྱུར་ལྡོག་ཅི་ཡང་བྱུང་མེད། དམར་དམག་རྒྱང་སྐྱོད་སྐབས་དམར་དམག་གི་གློག་འཕྲིན་དུ་ལྷ་མོ་དགོན་པའི་མིང་ཐེངས་མང་དུ་ཐོན་བཞིན་ཡོད་པར་བལྟས་ན་ལྷ་མོ་དགོན་ནི་ས་གནས་གལ་ཆེན་ཡིན་པ་ཤེས་ཐུབ། ཀློག་རྡུལ་ས་བཀྲའི་སྟེང་ནས་བལྟས་ན། ལྷ་མོ་ནི་བརླན་ས་ཆེན་མོ་གཉིས་དང་རི་རྒྱུད་ཆེན་མོ་གཉིས་བཅས་ཀྱི་དབུས་སུ་གནས་ཡོད་དེ། འདིའི་ནུབ་ལྷོ་ནི་རྨ་ཆུའི་བརླན་ས་དང་ཟུང་ཆུའི་བརླན་ས། ཤར་ཕྱོགས་སུ་རྨེ་རི་དང་ཐེ་བོའི་རྫ་རྒྱུད་གཉིས་ནུབ་ནས་ཤར་དུ་བསྲིངས་ཡོད། རང་བྱུང་གི་ས་བབ་ཁྱད་པར་བ་འདིའི་དབང་གིས་ལྷ་མོ་དགོན་དེ་སི་ཁྲོན་ནས་ཀན་ལྷོ་དང་མཚོ་སྔོན་གྱི་རང་བྱུང་འགྲོ་ལམ་དུ་གྱུར་ཞིང་། ལན་ཀྲོའུ་ནས་གཟི་ཚ་སྡེ་དགུ་དང་ཁྲེན་ཏུའུ་རུ་འགྲོ་བའི་བརྒྱུད་ལམ་ཉག་གཅིག་པུར་ཡང་གྱུར་ཡོད།
        སི་ཁྲོན་མཛོད་དགེ་ནས་ཟུང་ཆུའི་བརླན་ས་དང་ལྷ་མོ་ཀིརྟི་དགོན་བརྒྱུད་ནས་ཀན་ལྷོར་འགྲོ་དགོས། མི་རྣམས་དུས་རྒྱུན་དུ་མཚོ་སྔོན་དང་ཀན་སུའུ། སི་ཁྲོན་བར་དུ་འགྲོ་འོང་བྱེད་དུས་ཀྱང་ལམ་འདི་བརྒྱུད་པ་ཡིན། དེ་བས་ལུང་གཞོང་དུ་ཆགས་པའི་ལྷ་མོ་གྲོང་བརྡལ་ནི་འགྲོ་ལམ་འདིའི་སྟེང་གི་ས་ཚིགས་ཤིན་ཏུ་གལ་ཆེན་ཞིག་རེད། ཆེད་མཁས་པ་རྣམས་ཀྱིས་རྟག་དཔྱད་བྱས་པ་ལྟར་ན། གནའ་བོའི་སྐབས་སུ་ལྷ་མོ་བརྒྱུད་པའི་ཟུང་ཐོ་གནའ་ལམ་སོགས་ཇ་རྟའི་ཚོང་ལམ་འགའ་ཤས་ཡོད་པར་བཤད། ཐང་བོད་གནའ་ལམ་དང་ཇ་རྟའི་གནའ་ལམ་གཉིས་ནི་གཅིག་ལྷོ་གཅིག་བྱང་དུ་ཡོད་ལ། ལྷ་མོ་ནི་ལྷོ་བྱང་གཉིས་ཀྱི་སྦྲེལ་གནས་སུ་ཁེལ་ཡོད། ལྷ་མོ་རུ་ལོ་ངོ་སྟོང་གི་ཚོང་འགྲུལ་དང་འགྲོ་འོང་། སྐྱེས་ཆེན་དམ་པ་དང་འགྲུལ་བཞུད་པ་མང་པོ་བསུ་སྐྱེལ་སོགས་བྱས་མྱངས་མོད། དེང་སྐབས་སྔོན་གྱི་ས་ཚིགས་དང་འགྲུལ་ལམ་སོགས་ཉམས་ཏེ་མེད་པར་གྱུར་ཏེ། ལྷ་མོ་གྲོང་བརྡལ་གཅིག་པུ་ལྷིང་འཇགས་ངང་ལྷག་ཡོད།


        གཞུང་ལམ་བརྒྱུད་དེ་ལུང་ཁོག་ནས་ཡར་ཡོང་ཚེ། ཐེ་ཆུའི་ལྷོ་ངོས་སུ་དགོན་སྡེ་ཞིག་ཁྲ་ལམ་མེར་ཡོད་པ་ནི་སྟག་ཚང་ལྷ་མོ་ཀིརྟི་དགོན་པ་རེད། ཀིརྟི་དགོན་འདི་གསེར་ཁྲི་དགོན་པའི་སྔོན་ལ་ཕྱག་བཏབ་པ་དང་། རྗེ་ཙོང་ཁ་པའི་དངོས་སློབ་བསྟན་པ་ཕྱོགས་མཐར་སྤེལ་བའི་དར་ཆེན་བདུན་གྱི་ནང་ཚན་ཡོངས་གྲགས་སུ་རོང་པོ་ལྗགས་ནག་པའམ་དགེ་འདུན་རྒྱལ་མཚན་དུ་འབོད་པ་ཕ་ཡུལ་ཕྱོགས་ལ་ཕྱིར་ཕེབས་ཏེ། ད་ལྟའི་སི་ཁྲོན་རྔ་བ་རོང་ཝམ་ཞང་ཀིརྟི་མ་སྡེ་བ་རུ་སྤྱི་ལོ་1413ལོར་ཀིརྟི་དགོན་པ་ཕྱག་བཏབ། དགེ་འདུན་རྒྱལ་མཚན་བླ་མ་ཀིརྟི་སྐུ་ཕྲེང་དང་པོར་ངོས་འཛིན་མཛད། དེ་རྗེས་བླ་མ་ཀིརྟི་སྐུ་ཕྲེང་གསུམ་པས་སྐུ་གོང་མའི་ཐུགས་དགོངས་ལྟར་དགོན་པ་འདེབས་ས་བཙལ་ནས་མཇུག་མཐར་ཟླ་གཟུགས་ཀྱི་ལུང་བ་དང་རི་དགེ་འདུན་པའི་ཞྭ་མོའི་དབྱིབས་ཅན། སྔོ་ཞིང་དྭངས་པའི་མཚེའུ་འཁྱིལ་ཡོད་ས་སྟེ། སྟག་ཚང་ལྷ་མོ་ཞེས་པའི་གནས་ཁྱད་པར་ཅན་འདི་རྙེད་ཅིང་། བླ་མ་ཀིརྟི་སྐུ་ཕྲེང་གསུམ་པ་བསྟན་པ་རབ་རྒྱས་ཀྱིས་སྤྱི་ལོ་1602ལོར་སྟག་ཚང་ལྷ་མོ་ཀིརྟི་དགོན་པ་དངོས་སུ་ཕྱག་བཏབ་པ་ཡིན་ནོ། །
དུས་རབས་སྔོན་མའི་ལོ་རབས་ལྔ་བཅུ་ཡས་མས་ཙམ་ནས། སྟག་ཚང་ལྷ་མོ་ཞེས་པའི་གནས་ཁྱད་པར་བ་འདི་དང་ཀིརྟི་དགོན། ལྷ་མོའི་གྲོང་བརྡལ་སོགས་ཕྱི་ཕྱོགས་ལ་ཁྱབ་སྒྲོག་བྱ་མགོ་བརྩམས་པས། ལོ་རབས་བརྒྱད་ཅུ་བའི་ནང་དུ་བསླེབས་སྐབས། ནུབ་ཕྱོགས་རྒྱལ་ཁབ་ཀྱི་མགྲོན་པོ་ལོ་རེ་བཞིན་ཇེ་མང་ལ་སོང་། དེའི་རྗེས་སུ་རང་རེའི་རྒྱལ་ཁབ་ཀྱིས་ཀྱང་ཡུལ་སྐོར་དར་སྤེལ་གཏོང་བའི་སྲིད་ཇུས་རབ་དང་རིམ་པ་སྤེལ་བས། དེང་སྐབས་རྒྱལ་ཕྱི་ནང་ཀུན་ན་སྐད་གྲགས་ཆེ་བའི་ཡུལ་སྐོར་གྱི་ས་གནས་ཤིག་ཏུ་གྱུར་ཡོད། དེ་ལྟར་ཡུལ་སྐོར་རྒྱ་ཆེར་དར་སྤེལ་དུ་བཏང་བས། གཅིག་ནས་དགོན་པའི་དཔལ་འབྱོར་ཡོང་སྒོ་ཇེ་མང་དུ་སོང་སྟེ། དགོན་པས་རང་ཁ་རང་གསོ་བྱེད་པའི་ཕྱོགས་སུ་གོམ་པ་སྤོས་པ་དང་། གཉིས་ནས་ཡུལ་དེའི་ཉེ་ཁོར་གྱི་མི་སེར་རྣམས་ཡུལ་སྐོར་སྣེ་ལེན་དང་ཞབས་ཞུ་སོགས་ཀྱི་ལས་ཀར་ཞུགས་པས། འཚོ་བ་དང་དཔལ་འབྱོར་ཡོང་འབབ་སོགས་ལ་འཕེལ་རྒྱས་བྱུང་ཡོད་དོ། ། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1