ཤོང་དཔང་རྣམ་གཉིས་ལ་སོགས་པས། །
ས་སྐྱའི་གཙུག་ལག་ཁང་ཆེན་དུ། །
སྒྲ་དང་སྙན་ངག་གཞུང་མང་བསྒྱུར། །
བཅོམ་ལྡན་རིག་རལ་ལ་སོགས་པས། །
བཀའ་དང་བསྟན་བཅོས་སོ་སོར་ཕྱེས། །
སྣ་ཐང་གཙུག་ལག་ཁང་དུ་བཞུགས། །
སྒྲ་དང་སྙན་ངག་གི་སྐོར། དུས་རབས་བཅུ་གསུམ་པའི་དུས་སྨད་ཙམ་ན་ཤོང་སྟོན་རྡོ་རྗེ་རྒྱལ་མཚན་གྱིས་སྒྲ་གཞུང་ཀཱ་ལ་པཱ་དང༌། ཙན་དྲ་པ་གཉིས་བོད་ཡིག་ཏུ་བསྒྱུར་ཏེ་འཆད་ཉན་གྱི་རྒྱུན་སྤེལ། ས་སྐྱ་དགོན་དུ་དུས་འཁོར་རྒྱུད་འགྲེལ་ཤོང་འགྱུར་ཞེས་ཡོངས་སུ་གྲགས་པ་འདི་ཉིད་བསྒྱུར། དེ་རྗེས་འགྲོ་མགོན་ཆོས་རྒྱལ་འཕགས་པའི་བཀའ་བཞིན་ཤོང་སྟོན་རྡོ་རྗེ་རྒྱལ་མཚན་གྱིས་དཔལ་ས་སྐྱའི་གཙུག་ལག་ཁང་དུ་པཎྜི་ཏ་ལཀྵིམ་ཀ་རའི་མདུན་ནས་《སྙན་ངག་མེ་ལོང་།》གི་གཞུང་ཆ་ཚང་ཐོག་མར་བོད་སྐད་དུ་བསྒྱུར་བ་རེད། དེའི་ཕྱིས་སུ་དཔང་ལོ་ཙཱ་བ་བློ་གྲོས་བརྟན་པས་འགྱུར་བཅོས་དང་འཆད་ཉན་གནང༌། དེ་རྗེས་དཔང་ལོ་ཙཱ་བ་བློ་གྲོས་བརྟན་པས་སྙན་གཞུང་གི་བོད་འགྲེལ་དང་པོ་གསར་དུ་བརྩམས་ནས་བཤད་ཁྲིད་ཀྱི་རྒྱུན་རྒྱ་ཆེར་སྤེལ། མདོར་ན་སྒྲ་དང༌། མངོན་བརྗོད། སྡེབ་སྦྱོར། ཟློས་གར་ལ་སོགས་པ་རྩོམ་རིག་སྒྱུ་རྩལ་གྱི་མ་ལག་ཆ་ཚང་བ་ཞིག་བྱུང་བར་བརྟེན་དུས་དེ་ནས་བཟུང་སྔོན་ཆད་བོད་མི་རིགས་ཀྱི་ལོ་ངོ་སྟོང་ཕྲག་ཁ་ཤས་བརྒྱུད་པའི་དམངས་ཁྲོད་རྩོམ་རིག་ཕུན་སུམ་ཚོགས་པ་དེ་ཉིད་དཔྱིད་ཀྱི་ལྗང་བུ་དབྱར་གྱི་ཆར་རྒྱུན་དང་འཕྲད་པ་བཞིན་དུ་བར་བརྒལ་གྱི་འཚར་ལོངས་གསར་པ་ཞིག་བྱུང་ཡོད།
བཀའ་བསྟན་སོ་སོར་དབྱེ་བ།བཅོམ་ལྡན་རིག་པའི་རལ་གྲི་སྤྱི་ལོ་1227ལོར་འཁྲུངས། སྤྱི་ལོ་1305ལོར་འདས། དེའི་སློབ་མ་དབུས་པ་བློ་གསལ་བྱང་ཆུབ་ཡེ་ཤེས། ལོ་ཙཱ་བ་བསོད་ནམས་འོད་ཟེར། རྒྱང་རོ་བྱང་ཆུབ་འབུམ་སོགས་ཀྱིས་དབུས་གཙང་གི་དགོན་སྡེ་རྣམས་ནས་བཀའ་དང་བསྟན་བཅོས་འགྱུར་རོ་ཅོག་གི་མ་དཔེ་འཚོལ་སྡུད་བྱས་ཤིང༌། བཀའ་ཚང་མ་ཕྱོགས་གཅིག་ཏུ་བསྡུས་པ་ལ་བཀའ་འགྱུར་དང༌། བསྟན་བཅོས་ཚང་མ་ཕྱོགས་གཅིག་ཏུ་བསྡུས་པ་ལ་བསྟན་འགྱུར་ཞེས་མཚན་གསོལ་ནས་དཔལ་སྣར་ཐང་གི་འཛམ་ལྷ་ཁང་དུ་བཞུགས་སུ་གསོལ་པ་དེ་ནི་བཀའ་འགྱུར་དང་བསྟན་འགྱུར་ཞེས་དབྱེ་བའི་མ་ཕྱི་ཐོག་མ་ཡིན། འགྲོ་མགོན་ཆོས་རྒྱལ་འཕགས་པའི་སྐུ་དུས་སུ་བཀའ་འགྱུར་དང་བསྟན་འགྱུར་སོགས་ལག་བྲིས་བྱས་པའི་ཆོས་དཔེ་ སྦྱར་ཤོག་མཐིང་ཞུན་མའི་ཐོག་ཏུ་གསེར་གྱིས་ཉིང་ཁུས་བྲིས་པའི་བཀའ་འགྱུར་ཆ་ཚང་དྲུག་གིས་གཙོ་བྱས་གསེར་གྱི་གླེགས་བམ་ཁོ་ན་པོད་གྲངས་ཉིས་སྟོང་ཆིག་བརྒྱ་ང་བདུན་ཡོད་པ་གསལ་ཞིང༌། ས་སྐྱའི་ལྷ་ཁང་ཆེན་མོའི་ཐུགས་རྟེན་གྱི་རྒྱབ་ཕྱོགས་ཁོར་མོ་ཡུག་ཏུ་ལག་བྲིས་མའི་ཆོས་དཔེ་རྩིག་པའི་ཁ་དང་མཉམ་པ་ཡོད། །
ས་འབྲི་འཁྲུག་པས་བོད་ཁམས་གཡོ། །
ལྕགས་སྟག་ཆོལ་གསུམ་དམག་དཔུང་དང་། །
སོག་དམག་བཅས་པས་འབྲི་གུང་བཅོམ། །
ལྷ་ཁང་ཆེན་པོ་མེར་བསྲེགས་གཏོང་། །
སྐྱ་སེར་ཁྲི་ཚོའི་སྲོག་དབང་ཤོར། །
ས་འབྲི་འཁྲུག་པ་ནི། ས་སྐྱའི་རྒྱབ་རྩར་ཧོར་སེ་ཆེན་ཁུ་པི་ལེ་ཡོད་པ་དང་། འབྲི་གུང་པའི་རྒྱབ་རྩར་ཧོར་ཧུ་ལ་གུ་དང་། མོང་ཁེ་རྣམས་ཡོད་སྟབས་འགྲོ་མགོན་འཕགས་པས་བོད་ལ་དབང་བསྒྱུར་བྱེད་སྐབས་འབྲི་གུང་པས་འཕགས་པའི་དབང་བསྒྱུར་ཁས་མ་བླངས་ནས་ཧ་ལམ་སྤྱི་ལོ་1267ལོ་ཙམ་ན་འབྲི་གུང་པ་ཧོར་ཡུལ་དུ་གཏུག་བཤེར་བྱེད་སར་ཕྱིན་ཡོད་འདུག སྤྱི་ལོ་1281པའི་ལྕགས་སྦྲུལ་ལོར་སྤྱན་སྔ་གྲགས་པ་ཡེ་ཤེས་ཕག་གྲུའི་གདན་སར་ཕེབས་ཤིང༌། ས་སྐྱ་པས་ཁོང་ཚོའི་ཚ་བོ་བྲག་སླེ་བ་ཕག་གྲུའི་གདན་སར་བསྐོ་རྩིས་བྱེད་པ་དེ། ཕག་གྲུའི་སྤྱན་སྔ་བཅུ་གཉིས་པའི་གཅུང་པོ་གྲགས་པ་རིན་ཆེན་པས་ཤེས་ནས་བྲག་སླེ་བ་ལྐོག་གསོད་བྱས་པར་གྲགས། རབ་བྱུང་ལྔ་པའི་ཤིང་བྱ་ སྤྱི་ལོ་1285ལོར་འབྲི་གུང་བའི་སྐུ་ཞང་ཚུལ་ཁྲིམས་རྒྱལ་མཚན་གྱིས་དམག་དྲངས་ཏེ། ས་སྐྱའི་ཁོངས་གཏོགས་བྱ་ཡུལ་དགོན་པ་མེར་བསྲེགས་པ་དང༌། མཁན་པོ་སངས་རྒྱས་གཙང་སྟོན་བཀྲོངས་ཤིང༌། དེ་མིན་གྲྭ་པ་དགུ་ཙམ་བསད། ས་སྐྱ་པས་ཀྱང་འབྲི་གུང་སྐུ་ཞང་ཚུལ་རྒྱལ་པ་ཕ་བུ་སོགས་མི་འགའ་ཞིག་ཀྱང་བསད་པས་ས་འབྲིའི་འགལ་བ་དེ་བས་རྣོ་ངར་ཇེ་ཆེར་གྱུར། །
འབྲི་གུང་གླིང་ལོག་ནི། རབ་བྱུང་ལྔ་པའི་ལྕགས་སྟག་སྤྱི་ལོ་1290ལོར་སོག་པོའི་རྒྱལ་སྲས་ཐེ་མུར་བྷོ་ཁས་སྣེ་ཁྲིད་པའི་ཧོར་དམག་དང༌། མདོ་སྟོད་སྨད་ཀྱི་དམག་དཔུང་གཏོས་ཆེན་ཞིག་བོད་དུ་མངགས་པ་དང༌། དུས་མཚུངས་ས་སྐྱའི་དཔོན་ཆེན་ཨག་ལེན་གྱིས་ཀྱང་དབུས་གཙང་གི་ཁྲལ་དམག་ཕོན་ཆེན་ཁྲིད་དེ་མཉམ་རུབ་ཀྱིས་འབྲི་གུང་པར་དམག་བརྒྱབ་སྟེ་འབྲི་གུང་མཐིལ་གྱི་ལྷ་ཁང་ཆེན་མོ་མེར་བསྲེགས་པ་དང༌། སྐྱ་སེར་བསྡོམས་པས་མི་གྲངས་ཁྲི་གཅིག་ལྷག་ཙམ་གྱི་སྲོག་ཤོར་སྐད་འདུག་ཅིང༌། དེབ་ཐེར་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས་ལས། དུས་དེར་འབྲི་གུང་པའི་རྩ་རླུང་རང་དབང་ཐོབ་པའི་བླ་མ་སྟོང་ཕྲག་ཙམ་གཟན་གྱིས་གཤོག་པ་བྱས་ཏེ་ལྷ་ཁང་གི་རྒྱ་མཐོངས་ནས་ཐད་ཀར་ནམ་མཁར་འཕུར་བར་གྲགས། ཞེས་གསུངས། སྐབས་དེའི་འབྲི་གུང་གི་གདན་ས་འཛིན་པ་སྣུབས་རྡོ་རྗེ་ཡེ་ཤེས་ཀྱིས་འབྲི་གུང་སྲས་རྡོ་རྗེ་རིན་ཆེན་དང༌། གཅུང་རྡོ་རྗེ་རྒྱལ་པོ་དགུང་ལོ་ལྔ་པ་བཅས་ཁྲིད་ནས་ཞལ་ངོ་རྣམས་ཀོང་པོའི་རོང་དུ་བྲོས་བྱོལ་ལ་ཕེབས་དགོས་པ་བྱུང༌། དཔོན་ཆེན་ཨག་ལེན་གྱིས་བྲོས་དམག་འདེད་བཞིན་ཀོང་པོ་བར་ཕྱིན། འབྲི་གུང་པའི་མི་སྡེ་དང་ས་རིས་མང་པོ་ས་སྐྱ་པས་བླངས་པར་གྲགས། །
ས་སྐྱའི་བླ་བྲང་ཁག་བཞིར་གྱེས། །
ས་སྲིད་གདུང་རྒྱུད་འཁྲུག་པས་ཉམས། །
ས་དབང་དཔོན་ཆེན་རྣམས་ཀྱིས་བཟུང་། །
གཡའ་ཕག་ཁ་མཆུ་ས་སྐྱས་གཏམས། །
ས་སྐྱའི་གཡོ་བསྒྱུས་ཕག་མགོ་བརྡུངས། །
ཕག་སྣའི་འཕྲུལ་གྱིས་ས་སྲིད་རློག །
བོད་ཁམས་ཕག་གྲུས་དབང་དུ་བསྒྱུར། །
ས་སྐྱའི་སྲིད་སྐྱོང་སྐབས་ཀྱི་ལེའུ་སྟེ་དྲུག་པའོ།
བླ་བྲང་ཁག་བཞིར་གྱེས་ཚུལ་ནི། བདག་ཉིས་ཆེན་པོ་སྐུ་གཤེགས་པའི་རྗེས་སུ་གདུང་སྲས་རྣམས་སྲིད་ཁྲི་ལ་མ་འཆམ་སྟབས། བདག་ཉིད་ཆེན་པོའི་སྲས་ཆེ་བ་ཏི་ཤྲི་ཀུན་དགའ་བློ་གྲོས་ཀྱིས་རང་གི་གཅུང་པོ་རྣམས་ལ་ཐམ་ཁ་རྣམས་དང་བླ་བྲང་ཁག་བཞིར་བགོས་ཏེ་གནང་བ་སྟེ། བཙུན་མོ་ནམ་མཁའ་རྒྱལ་མོའི་སྲས་གསུམ་ལ་ཤེལ་གྱི་ཐམ་ཁ་དང༌། གཞི་ཐོག་བླ་བླང་གནང༌། བཙུན་མོ་ཞལ་ལུ་མ་གཞོན་ནུ་འབུམ་གྱི་སྲས་རྣམས་ལ་ཤེལ་གྱི་ཐམ་ཁ་དང་རིན་ཆེན་སྒང་བླ་བྲང་གནང༌། བཙུན་མོ་གསུམ་པ་ར་ལུང་མ་ཀུན་དགའ་གནམ་རྒྱན་གྱི་སྲས་གཉིས་ལ་གསེར་གྱི་ཐམ་ཁ་དང་ལྷ་ཁང་བླ་བྲང་གནང༌། བཙུན་མོ་ལྔ་པ་ཇོ་མོ་རེ་མདའ་མ་ལྷ་གཅིག་ཉི་མ་རིན་ཆེན་གྱི་སྲས་མིང་སྲིང་གཉིས་ལ་གསེར་གྱི་ཐམ་ཁ་དང་དུས་མཆོད་བླ་བྲང་གནང་བ་དེ་ནས་བཟུང་ས་སྐྱའི་གདུང་རྒྱུད་རྣམས་བླ་བླང་ཁག་བཞིར་གྱེས་པ་ཡིན་ནོ། དེ་ལྟར་ས་སྐྱའི་བླ་བྲང་བཞི་པོ་ནང་ཁུལ་ཕན་ཚུན་མི་མཐུན་པའི་པའི་སྐབས་དེར། དཔོན་ཆེན་དབང་ཕྱུག་བརྩོན་འགྲུས་ཀྱིས་གཙོ་བྱས་པའི་ལྷ་ཁང་བླ་བྲང་གི་ཕྱོགས་གཅིག་དང་། དཔོན་ཆེན་རྒྱལ་བ་བཟང་པོས་གཙོ་བྱས་པའི་བླ་བྲང་གཞན་གསུམ་པོ་ཕྱོགས་ཁག་གཅིག་བྱས་ཏེ་ཕྱོགས་ཁག་གཉིས་སུ་གྱེས། སྲིད་ཀྱི་དབང་ཆ་ཕལ་ཆེར་ས་སྐྱའི་དཔོན་ཆེན་རྣམས་ཀྱིས་བཟུང་ཡོད་འདུག །
གཡའ་ཕག་གཏུག་བཤེར།ཕག་གྲུའི་ཁྲི་དཔོན་རྡོ་རྗེ་དཔལ་གྱི་སྐབས་སུ་གཡའ་བཟང་པ་ལ་དམག་བརྒྱབ་པས་དེ་ནས་བཟུང་གཡའ་ཕག་གཉིས་འགལ་བར་གྱུར། བར་སྐབས་སུ་ཕག་མོ་གྲུ་པའི་ཁྲི་དཔོན་མང་པོ་ཞིག་རུལ་སུངས་ཀྱི་སྐབས་དང་བསྟུན་ནས། གཡའ་བཟང་པས་རང་རྐྱ་འཕེར་བའི་ཁྲི་དཔོན་ཞིག་ཏུ་གྱུར། ལྷག་པར་སྤྱི་ལོ་1315ལོ་ཡས་མས་ཙམ་ནས་ཁྲི་དཔོན་རྒྱལ་མཚན་སྐྱབས་ཀྱི་སྐབས་སུ་ཕག་གྲུའི་ཁོངས་ཀྱི་ས་གནད་ཆེ་བ་གོ་མལ་བསྒྱེལ་བ་དང༌། འབྲས་མོ་ལ་སོགས་པ་གཡའ་བཟང་པས་འཕྲོག་པ་བཅས་གཡའ་ཕག་གཉིས་པོ་འགལ་བ་རྒྱུན་མ་ཆད་པ་ཞིག་བྱུང་ཡོད། སྤྱི་ལོ་1322ལོར་ཏཱ་སི་ཏུ་བྱང་ཆུབ་རྒྱལ་མཚན་ཕག་གྲུའི་ཁྲི་དཔོན་བསྐོས། ཏཱའི་སི་ཏུ་བྱང་ཆུབ་རྒྱལ་མཚན་ཁྲི་དཔོན་གྱི་ལས་གནས་ལ་འཁོད་སྐབས། དེའི་གོང་གི་ཁྲི་དཔོན་རྒྱལ་མཚན་སྐྱབས་ཀྱིས་མི་འདོད་པའི་རྣམ་འགྱུར་གྱིས་སྣེའུ་གདོང་མཛོད་ཁང་གི་དངོས་རྫས་རྣམས་རྒྱལ་མཚན་སྐྱབས་ཀྱི་བུ་ཚས་ཁྱེར་འོས་པ་རྣམས་ཁྱེར། ཁྱེར་མི་འོས་པ་རྣམས་བཅག་སྟེ། ཁྲི་དཔོན་གསར་པ་ལ་དངོས་རིགས་རྩིས་སྤྲོད་བྱས་པ་རྣམས་ཕན་ཐོགས་གང་ཡང་མེད་པའི་ཆག་གྲུམ་ཅན་གྱི་དངོས་རིགས་འགའ་ཞིག་ལས་མེད་ཁར། ཕག་གྲུའི་ཁྲི་དཔོན་གྱི་སྡེ་ཤོག་ནས་གྲི་ཚེ་སྤོང་འབྲས་མོ་དང་བཅས་པ་གཡའ་བཟང་པས་བཟུང༌། བཙན་ཐང་བླ་བྲང་དང༌། ཁྲ་འབྲུགབཟང་མོ། ལྷ་རུ་དང་བཅས་པ་རྣམས་ཤར་པས་བཟུང༌། སྨོན་མཁར་དང༌། བྱེ་མ་ལྷ་ཁང་གི་སྐོར་བཅས་དགེ་བཤེས་དུ་དབེན་པས་བཟུང༌། ཟ་ར་སྟོད་སྨད། ལུས་ཞིང༌། དགོན་ཐང༌། ཀུན་དགའ་ར། སེ་གསེབ་ལྷ་ཁང་གི་སྐོར་བཅས་ཁང་གསར་པ་དང༌། དཔོན་ཆེན་ཡོན་བཙུན་པའི་སྐོར་རྣམས་ཀྱིས་བཟུང༌། རྩྭ། སྤོམ་ཐན་རྣམས་དུ་དབེན་ཤ་རྡོ་རྗེ་མགོན་པོའི་ཕྱོགས་ཀྱིས་བཟུང༌། འཕྱོས་མོན་མགར་རྒྱལ་མཚན་སྐྱབས་ཀྱིས་བཟུང་སྟེ་ཏཱའི་སི་ཏུ་ལ་རྩིས་མ་སྤྲད་པ་བཅས་མདོར་ན་ཕག་གྲུའི་ཁྲི་དཔོན་གྱི་མངའ་ཁོངས་དེ་ཕྱི་ནང་གང་གི་ཐད་ནས་ཉམས་ཉེས་ཆེན་པོ་ཞིག་བྱུང་ཡོད།
ཏཱའི་སི་ཏུ་ཁྲི་དཔོན་གྱི་འགན་བཞེས་གནང་རྗེས་སུ་གཞོན་ནུ་འོད་ཟེར་སྣེའུ་གདོང་གི་གཉེར་པར་བསྐོས་ཀྱང༌།
ཁོས་ལས་དོན་ཡག་པོ་ཞིག་མ་བྱུང་བས་ལོ་བདུན་ཙམ་གྱི་རིང་སྣེའུ་གདོང་གི་མངའ་ཐང་འཕེལ་རྒྱས་བྱུང་མེད་པའི་ཁར།
གསེར་སྲང་སྟོང་ཕྲག་ལྷག་ཙམ་གྱི་བུ་ལོན་འཇལ་དགོས་པ་བྱུང་།
དེའི་རྗེས་སྤྱི་ལོ་1329ལོར་འཕྱོངས་རྒྱས་པ་ཧོར་གཞོན་ནུ་བཟང་པོ་གཉེར་པ་བསྐོ་བཞག་བྱས།
རང་ཉིད་ཀྱི་མངའ་ཁོངས་གཞིས་ཀ་རྣམས་ཉམས་གསོ་དང༌།
ཡུལ་སོ་སོར་སྡོང་བུ་བཙུགས་ནས་སྐྱེད་ཚལ་བཟོ་བ་དང༌།
གྲམ་ཆུའི་སྟེང་ལ་ཟམ་ཆེན་འཛུགས་པ།
མཁར་རྫོང་རྙིང་པའི་ཉམས་གསོ་བ་དང་སྣེའུ་གདོང་རྩེའི་ཕོ་བྲང་རྒྱ་བསྐྱེད་བཅས་བྱས།
དུས་མཚུངས་སུ་ཁྲལ་ཞིབ་བྱས་ཏེ་མི་སེར་གྱི་ཁུར་པོ་ཡང་དུ་གཏོང་བ་སོག་གསར་བཅོས་ཀྱི་བྱ་བ་མང་ཙམ་བྱས།
།
( དེབ་གོང་མར་མཐུད། )