ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཚོགས་འདུ་འཚོགས་པ།
རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 09-28
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཀྱིས་ཟླ་9བའི་ཚེས་27ཉིན་གྲོས་འཚོགས་ཤིང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཅིང་གིས་གྲོས་ཚོགས་ལ་མགོ་འཛིན་མཛད།
གྲོས་ཚོགས་སྟེང་ཀྲུང་གོ་གུང་ཁྲན་ཏང་སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་ཟླ་10བའི་ཚེས་24ཉིན་ནས་27ཉིན་བར་པེ་ཅིང་ནས་འཚོགས་རྒྱུའི་ཐག་བཅད།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་གནས་བབ་གསར་པའི་འོག་ཏང་ནང་གི་ཆབ་སྲིད་འཚོ་བའི་སྐོར་གྱི་ཚད་གཞི་འགའ་དང་། ཀྲུང་གོ་གུང་ཁྲན་ཏང་གི་ཏང་ནང་ལྟ་སྐུལ་སྲོལ་ཡིག་གི་མ་ཡིག་ལ་ཏང་ཕྱི་ནང་གི་ཁྱབ་ཁོངས་ངེས་ཅན་ནས་བསམ་འཆར་བསྡུ་ལེན་བྱས་པའི་གནས་ཚུལ་གྱི་སྙན་ཞུ་ལ་གསན་པ་དང་། ཐེངས་འདིའི་གྲོས་ཚོགས་སྟེང་གྲོས་སྡུར་བྱས་པའི་བསམ་འཆར་གཞིར་བཟུང་ནས་བཟོ་བཅོས་བྱས་རྗེས་ཡིག་ཆའི་མ་ཡིག་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པར་གྲོས་ཞིབ་བྱེད་པར་སྤྲོད་རྒྱུའི་ཐག་བཅད།
གྲོས་ཚོགས་ལས་ཏང་ཀྲུང་དབྱང་གིས་ཚང་འཛོམས་གྲོས་ཚོགས་ཀྱི་ཡིག་ཆའི་མ་ཡིག་གཉིས་ཀྱི་ཐད་ནས་ཏང་ནང་གི་ཁྱབ་ཁོངས་ངེས་ཅན་ནས་བསམ་འཆར་བསྡུ་ལེན་བྱས་ཤིང་། དེའི་དམངས་གཙོ་དར་སྤེལ་གང་ལེགས་དང་ཏང་ཡོངས་ཀྱི་བློ་གྲོས་གཅིག་སྡུད། ཏང་ཡོངས་ཀྱི་ཐུན་མོང་ལྟ་བ་གཅིག་གྱུར་བཅས་བྱས་ཏེ་ཡིག་ཆའི་མ་ཡིག་ལ་བཟོ་བཅོས་བཟང་པོ་བྱ་རྒྱུ་དེ་ཡིན་ལ། ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་ཕྱོགས་སོ་སོ་ནས་རིན་ཐང་ལྡན་པའི་བསམ་འཆར་དང་གྲོས་གཞི་མང་པོ་བཏོན། བསམ་འཆར་དང་གྲོས་གཞི་དེ་དག་གིས་ཏང་ཡོངས་ཀྱི་བློ་མཐུན་ཚོས་ཁྱོན་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པ་དང་། ཏང་ནང་གི་ཆབ་སྲིད་འཚོ་བར་ཤུགས་སྣོན་དང་དེ་ཚད་ལྡན་དུ་གཏོང་བ། ཏང་ནང་ལྟ་རྟོག་ལ་ཤུགས་སྣོན་པ་བཅས་ཀྱི་ངོས་འཛིན་དང་བསམ་གཞིགས་མཚོན་ཡོད་ལ། ཡིག་ཆར་བཟོ་བཅོས་བཟང་པོ་བྱེད་པའི་གཞི་འཛིན་ས་གལ་ཆེན་ཡིན་པས། ཁྱོན་ཡོངས་ནས་ལེགས་སྒྲིག་དང་དོན་ཚན་རེ་རེ་བཞིན་ཞིབ་འཇུག བསྡུ་ལེན་གང་ལེགས་བཅས་བྱས་ཏེ་ཡིག་ཆ་གཏན་འབེབས་བཟང་པོ་བྱས་ནས། གནས་བབ་གསར་པའི་འོག་ཏང་ནང་གི་ཆབ་སྲིད་འཚོ་བར་ཤུགས་སྣོན་དང་དཚད་ལྡན་དུ་གཏོང་བ། ཏང་ནང་གི་ལྟ་རྟོག་ལ་ཤུགས་སྣོན་པར་མཛུབ་སྟོན་ཡང་དག་འདོན་སྤྲོད་བྱ་དགོས་ཞེས་བསྟན།།