ཞིང་ཆེན་ཏང་ཨུའི་གཅིག་གྱུར་གྱི་བཀོད་སྒྲིག་ལྟར། སྤྱི་ཟླ་8པའི་ཚེས14ཉིན་ནས་ཚེས16ཉིན་གྱི་བར་དུ། ཞིང་ཆེན་ཏང་ཨུའི་རྒྱུན་ཨུ། འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་ཚུའེ་པའོ་ཧྭ་ཡིས་ལྟ་སྐུལ་མཛུབ་སྟོན་ཚན་ཆུང་གི་སྣེ་ཁྲིད་དེ་དཀར་མཛེས་ཁུལ་ཉག་ཆུ་རྫོང་སོགས་ས་གནས་སུ་དབུལ་བྲལ་འགག་སྒྲོལ་བྱ་བར་དངོས་སྡོད་ཞིབ་འཇུག་དང་ལྟ་སྐུལ་མཛུབ་སྟོན་གནང་སྟེ། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་དབུལ་བྲལ་འགག་སྒྲོལ་བྱ་བའི་རྣམ་གྲངས་སོ་སོའི་བཀོད་སྒྲིག་བླང་བྱ་ཁག་ལག་བསྟར་དོན་འཁྱོལ་བྱས་པའི་གནས་ཚུལ་ལ་ཡུལ་དངོས་སུ་གཟིགས་ཞིབ་གནང་ནས།ད་ལོའི་དབུལ་བྲལ་འགག་སྒྲོལ་གྱི་ལས་འགན་ཁག་རྒྱལ་ཁའི་ངང་ལེགས་འགྲུབ་ཡོང་བར་ཁག་ཐེག་བྱས།
ཚུའེ་པའོ་ཧྭ་དང་ལྷན་ཕེབས་རྣམས་སྔ་རྗེས་སུ་ཉག་ཆུ་རྫོང་གི་གྲོང་སྡེ་དང་ཡུལ་ཚོ་ཁ་ཤས་ནང་ “གཅིག་ལྔའི”དབུལ་སྐྱོར་དོན་འཁྱོལ་བྱས་པའི་གནས་ཚུལ་དང་། ད་ལོའི་དབུལ་བྲལ་འགག་སྒྲོལ་གྱི་བྱ་བའི་འཆར་འགོད་གྱི་རྣམ་གྲངས་དོན་འཁྱོལ་དང་འཕེལ་རྒྱས་སུ་ཕྱིན་པའི་གནས་ཚུལ། ད་ལོར་དབུལ་བྲལ་ཕྱུག་འགྱུར་ཡོང་བའི་སྡེ་བ་དང་། དབུལ་ཕོངས་དུད་ཚང་དབུལ་བྲལ་འགག་སྒྲོལ་ཡོང་བར་བྱེད་པའི་ཐད་དུ་སེམས་ཁྲལ་བྱེད་མི་དགོས་པ་གཉིས་དང་འགན་ལེན་གསུམ།ལེགས་པ་བཞི་ཡི་དམིགས་ཡུལ་གནས་ཚུལ་བཅས་ཀྱི་སྐོར་ལ་ཡུལ་དངོས་སུ་རྟག་དཔྱད་གནང་། དེ་མིན་དབུལ་ཕོངས་སྡེ་བ་རེ་ལ་སླེབས་སྐབས། ཚུའེ་པའོ་ཧྭ་ཡིས་ས་གནས་ཀྱི་ལས་བྱེད་པ་དང་དབུལ་སྐྱོར་འགན་ཁུར་བའི་ལས་ཀའི་གནས་ཚུལ་ཞུས་པའི་སྐོར་ལ་ནན་ཏན་གྱིས་གསན་འཇོག་གནང་།