སྤྱི་ཟླ་5པའི་ཚེས་19ཉིན་གྱི་སྔ་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་མི་དམངས་ཚོགས་ཁང་ཆེན་མོ་རུ་སྐབས་དང་པོའི་འཛམ་གླིང་ཡུལ་སྐོར་འཕེལ་རྒྱས་ཚོགས་ཆེན་གྱི་འགོ་ཚུགས་མཛད་སྒོར་ཞུགས་པར་མ་ཟད་ཤིས་ཚུག་ཕུལ།
ལི་ཁེ་ཆང་གིས་བསྟན་དོན། ཀྲུང་གོའི་སྲིད་གཞུང་གིས་ཡུལ་སྐོར་ལས་རིགས་ཀྱི་གོ་གནས་དང་ཕན་ནུས་ལ་མཐོང་ཆེན་བྱས་ཏེ། སྔ་རྗེས་སུ་ཡུལ་སྐོར་ལས་རིགས་ཀྱི་སྒྱུར་བཅོས་དང་འཕེལ་རྒྱས་ལ་སྐུལ་འདེད་གཏང་བའི་བཅའ་ཁྲིམས་ཁྲིམས་སྲོལ་དང་སྲིད་ཇུས་བྱེད་ཐབས་བཀྲམ་པ་དང་། དེའི་དམིགས་ཡུལ་ནི་ཡུལ་སྐོར་ལས་རིགས་དེ་རྒྱལ་དམངས་དཔལ་འབྱོར་ཀྱི་འཐབ་ཇུས་རང་བཞིན་གྱི་འདེགས་ཤིང་ལྟ་བུའི་ཐོན་ལས་དང་མི་དམངས་མང་ཚོགས་སྔར་ལས་བློ་ཚིམ་པའི་དེང་རབས་ཞབས་ཞུའི་ལས་རིགས་ཏུ་བསྐྲུན་པ་དེ་རེད།
ལི་ཁེ་ཆང་གིས་ནན་གྱིས་བསྟན་དོན། ཀྲུང་གོའི་སྲིད་གཞུང་གིས་འབྱུང་འགྱུར་གྱི་ལོ་ལྔའི་ནང་ཡུལ་སྐོར་ལས་རིགས་འཕེལ་རྒྱས་གཏང་བ་བརྒྱུད་དེ་མི་གྲངས་1200དབུལ་སྒྲོལ་བྱ་དགོས་པ་དང་། ང་ཚོས་ད་དུང་ཡུལ་སྐོར་ལས་རིགས་ཀྱི་འཕེལ་རྒྱས་སྐུལ་འདེད་ལ་བརྟེན་ནས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བྱེད་པ་མངོན་གསལ་དོད་པའི་གོ་གནས་སུ་བཞག་ནས་དམ་འཛིན་བྱ་དགོས། འཕེལ་རྒྱས་ཁྲོད་སྲུང་སྐྱོང་དང་། སྲུང་སྐྱོང་ཁྲོད་འཕེལ་རྒྱས་གཏང་བ་རྒྱུན་འཁྱོངས་བྱས་ཏེ་སྐྱེ་ཁམས་སྲུང་སྐྱོང་དང་དཔལ་འབྱོར་འཕེལ་རྒྱས་འཆམ་མཐུན་ཡོང་བ་བྱ་དགོས།
མོ་ཟམ་བྷིག་རྒྱལ་ཁབ་ཀྱི་སྲིད་འཛིན་ནིའུ་ཞི་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་འཛམ་གླིང་ཡུལ་སྐོར་རྩ་འཛུགས་ཀྱི་དྲུང་ཡིག་ཆེན་མོ་རེའུ་ཧྥ་ཡས་གཉིས་ཀྱིས་ཤིས་ཚིག་ཕུལ་ཞིང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཕན་ཅི་ཝུན་གྱིས་ཡིག་འཕྲིན་འབྱོར།
ལི་ཁེ་ཆང་ད་དུང་རྒྱལ་ཁབ་སོ་སོའི་འགོ་ཁྲིད་དང་མཉམ་དུ་2017ལོའི་རྒྱལ་སྤྱིའི་རྒྱུན་མཐུད་ཡུལ་སྐོར་འཕེལ་རྒྱས་ལོའི་འགོ་ཚུགས་མཛད་སྒོར་ཞུགས།
རྒྱལ་ཁབ་100ལྷག་དང་རྒྱལ་སྤྱི་རྩ་འཛུགས་ཁ་ཤས་ཀྱི་འགོ་ཁྲིད་པ་དང་ཡུལ་སྐོར་སྡེ་ཁག་གི་འབྲེལ་ཡོད་འགན་ཁུར་པ། དེ་མིན་ལས་རིགས་ཁག་གི་འཐུས་ཚབ་པ་1000ལྷག་མཛད་སྒོར་ཞུགས། །