དཀར་མཛེས་ཁུལ་གྱི་ཡུལ་སྐོར་མིང་བྱང་ཆེན་པོ་བཅུ་ཧྲང་ཧའེ་ལ་སྐད་གྲགས་ཁྱབ།
རྩོམ་སྒྲིག་པ།ཡོང་ཁུངས།ཁམས་པའི་གསར་འགྱུར་དྲ་བ། སྤེལ་དུས། 05-20
གནས་མཆོག་དཀར་མཛེས་ཀྱི་ཡུལ་སྐོར་ཐོན་ཁུངས་གྲགས་ཅན་ཧྲང་ཧའེ་ལ་ཁྱབ་གདལ་ངོ་སྤྲོད་བྱེད་པའི་གྲོས་ཚོགས་ཐོག་དཀར་མཛེས་ཁུལ་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་ཀོ་ཉིང་གིས་དཀར་མཛེས་ཁུལ་གྱི་ཡུལ་སྐོར་མིང་བྱང་གྲགས་ཅན་བཅུ་སྟེ།སའི་གོ་ལའི་སྟེང་ཆེས་དྲི་མེད་དྭངས་གཙང་གི་ཞིང་ཁམས་འདབ་པའི་ཉི་སྟེན་དང་། ཀྲུང་གོའི་ཆེས་མཛེས་སྡུག་ལྡན་པའི་རི་བོ་གྲགས་ཅན་གྱི་ཡ་གྱལ་གངས་དཀར་རི་བོ། ཀྲུང་གོའི་ཆེས་མཛེས་སྡུག་ལྡན་པའི་དུང་དཀར་ལུང་པའི་འཁྱག་རོམ། ཀྲུང་གོའི་ཆེས་མཛེས་སྡུག་ལྡན་པའི་གྲོང་གསེབ་ཀྱི་གནའ་གྲོང་སྟེ་རོང་བྲག་གི་བོད་གྲོང་། སི་ཁྲོན་ནུབ་རྒྱུད་ཀྱི་ཆེས་མཛེས་སྡུག་ལྡན་པའི་རྫ་ཆུ་ཁའི་རྩྭ་ཐང་། གངས་རིའི་ཁྲོད་ཀྱི་རིག་གནས་ཀྱི་བང་མཛོད་སྡེ་དགེའི་པར་ཁང་། པར་རྒྱག་སའི་ཞིང་ཁམས་ར་རྔ་ཁ། རྒྱལ་སྲུང་གཞུང་ལམ318 པའི་ལམ་རྒྱུད་ཀྱི་ཀྲུང་གོའི་ཆེས་མཛེས་སྡུག་གི་ཡུལ་ལྗོངས། རྒྱལ་ཕྱི་ནང་དུ་སྐད་གྲགས་ཁྱབ་པའི་ལྕགས་ཐག་ཟམ་པ། འཛམ་གླིང་ཡོངས་སུ་སྐད་གྲགས་ཁྱབ་པའི་དར་མདོའི་མཛའ་གཞས་བཅས་སྤྱི་བསྒྲགས་བྱས་པ་རེད།
དཀར་མཛེས་ཁུལ་གྱི་ཡུལ་སྐོར་ཐོན་ཁུངས་གྲགས་ཅན་བཅུ་ཡིས་ཁྱབ་གདལ་ངོ་སྤྲོད་གྲོས་ཚོགས་སུ་ཡོད་པའི་གཟིགས་མོ་བ་རྣམས་ཀྱི་མིག་དབང་འཕྲོག དབྱིན་ཇི་ནས་འོངས་པའི་ཡུལ་སྐོར་ཚོང་པ་ཞིག་གིས་དག་ལ་མི་དག་པའི་རྒྱ་སྐད་ཐོག་ནས་དཀར་མཛེས་ཁུལ་དེ་དེ་འདྲའི་མཛེས་སྡུག་ཡིད་དབང་འཕྲོག་པ་ཞིག་རེད་འདུག ངས་མཛེས་སྡུག་གི་དཀར་མཛེས་དེ་དབྱིན་ཇིའི་གྲོགས་པོ་ཚོར་ངོ་སྤྲོད་བྱས་ནས་དེ་བས་མང་བའི་འགྲུལ་པ་ཚོ་མཛེས་སྡུག་རབ་ཏུ་ལྡན་པའི་དཀར་མཛེས་ལ་ཡུལ་སྐོར་དུ་ཡོང་བར་བྱ་རྒྱུ་ཡིན་ཞེས་བཤད།ཧྲང་ཧའེ་ཕུའུ་ཏུང་ཆུས་ཀྱི་ལོ་ན69ལོན་པའི་ཝུའེ་ཏེ་ཞང་གིས་གྲོགས་པོ་དང་མཉམ་དུ་འཁོར་གཏོང་ཡུལ་སྐོར་བྱས་ཏེ་དཀར་མཛེས་ཁུལ་གྱི་ལྗོངས་ཁུལ་འགའ་ལ་བསླེབས་མྱོང་པ་དང་། ཁོས་ཡུལ་སྲོལ་གོམས་འདྲིས་ཀྱི་ཁྱད་ཆོས་ལྡན་པའི་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཕོ་བྲང་གི་སྤུས་དག་རིག་གནས་དངོས་རྫས་ཀྱི་ཐུན་མིན་བཟོ་བཀོད་དང་།སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་ཟབ་མོ། ཕུལ་བྱུང་གི་བཟོ་རྩལ་འདི་ཧ་ཅང་དཀོན་པས་རྗེས་མར་གོ་སྐབས་ཡོད་ན་ད་དུང་འོང་འདོད་ཡོད་ཅེས་བཤད།ཧྲང་ཧའེ་གྲོང་ཁྱེར་འབྲེལ་ཡོད་ཆུས་ཀྱི་ཡུལ་སྐོར་ཅུས་ཀྱི་འགན་ཁུར་མི་སྣ་དང་། ཞིང་ཆེན་མི་དམངས་སྲིད་གཞུང་གི་ཧྲང་ཧའེ་ལས་སྒྲུབ་ཁྲུའུ་ལ་བཅའ་སྡོད་བྱེད་པའི་ཀྲུའུ་རེན་ལི་ཁྲེང་ཕིང་། ཞིང་ཆེན་ཏང་ཨུའི་ཕྱི་ཕྱོགས་དྲིལ་བསྒྲགས་གཞུང་ལས་ཁང་དང་ཕྱི་ཕྱོགས་དྲིལ་བསྒྲགས་ཁྲུའུ་ཡི་ཁྲུའུ་ཀྲང་ཁྲེན་ཡན་ཅུན། ཞིང་ཆེན་དང་དཀར་མཛེས་ཁུལ་སོགས་འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་མི་སྣ་དང་གསར་འགྱུར་འཕྲིན་སྦྱོར70ལྷག ཁེ་ལས་གྲགས་ཅན30ལྷག ཡུལ་སྐོར་ཚོང་པ60ལྷག་བཅས་ཁྱོན་བསྡོམས་མི་གྲངས300ལྷག་ཙམ་ཐེངས་འདིའི་ཡུལ་སྐོར་ཁྱབ་གདལ་ངོ་སྤྲོད་གྲོས་ཚོགས་ནང་ཞུགས་པ་རེད།།