སྤྱི་ཟླ་4པའི་ཚེས་27ཉིན། དཀར་མཛེས་ཁུལ་གྱིས་ཡུལ་སྐོར་དུས་ཆེན་གསུམ་གྱི་བྱེད་སྒོའི་གསར་འགྱུར་ཁྱབ་བསྒྲགས་ཚོགས་འདུ་འཚོགས། ཚོགས་འདུའི་ཐོག་ཏུ་གསལ་བཤད་བྱས་པ་ལྟར་ན། བྱེད་སྒོ་དེ་ལས་ཕྱོགས་གཅིག་ནས་རིག་གནས་དང་ཡུལ་སྐོར། ལས་གཞི་བཅས་ཕྱིར་བསྐྱོད་པ་དང་། ཕྱོགས་གཞན་ཞིག་ནས་ཁེ་ལས་དང་ཆེད་མཁས་པ། འཕྲིན་སྦྱོར་བཅས་ཁུལ་ནང་དུ་གདན་འདྲེན་བྱེད་པར་རྩ་འཛུགས་བྱ་རྒྱུ་ཡིན་ཞིང་ཕྱིར་བསྐྱོད་པའི་བྱེད་སྒོ་དེ་ཧྲང་ཧའེ་དང་ཧྲན་ཀྲེན་གཉིས་སུ་སྤེལ་ཏེ་ཧྭ་ཤར་དང་ཧྭ་ལྷོ་སོགས་དཔལ་འབྱོར་དར་རྒྱས་ཆེ་བའི་ས་ཁུལ་དུ་ཤུགས་རྐྱེན་རྒྱ་ཆེ་ཐེབས་པར་ཧུར་ཐག་བྱེད་པའི་འཆར་གཞི་ཡོད་པ་རེད།
རྒྱུས་ལོན་བྱུང་བ་ལྟར་ན། དེ་རིང་སྟེ་སྤྱི་ཟླ་5པའི་ཚེས་6ཉིན་གྱི་སྔ་དྲོར། ཧྲང་ཧའེ་འགྲེམ་སྟོན་ལྟེ་གནས་སུ་དག་གཙང་གི་དཀར་མཛེས། ཧྲང་ཧའེ་རུ་བསྐྱོད་པ་ཞེས་པའི་མུ་འབྲེལ་དྲིལ་སྒྲོག་འོས་སྦྱོར་བྱེད་སྒོ་སྤེལ་འགོ་བརྩམས་ཤིང་། བྱེད་སྒོར་ཧྲང་ཧའེ་གྲོང་ཁྱེར་སྲིད་གཞུང་། གྲོང་ཁྱེར་ཡུལ་སྐོར་ཅུས། ཧྭ་ཤར་ས་ཁུལ་འཐུས་མི་ཚོགས་པའི་འཐུས་མི། ས་གནས་དེ་གའི་འཕྲིན་སྦྱོར་ལས་ཁུངས་སོགས་སྐུ་མགྲོན་མང་པོ་གདན་ཞུ་ཞུས་ཡོད་པ་རེད།
བྱེད་སྒོ་ཐོག་རིང་ཚད་ལ་སྨི་142.8ཡོད་པའི་ཆེས་རིང་པའི་གཞས་ཚིག་སྟེ་《དགེ་རྟག་གཞས་ཚིག》གི་ཞལ་ཐང་རིང་མོའི་བོད་ཡིག་བྲིས་གཟུགས་གཟབ་རྒྱས་ངང་འགྲེམ་སྟོན་བྱས། བྲིས་གཟུགས་དེའི་རྩོམ་པ་པོ་ནི་དཀར་མཛེས་ཁུལ་གྱི་བྲིས་གཟུགས་པ་གྲགས་ཅན། ཞིང་ཆེན་རིམ་པའི་བྲིས་གཟུགས་རྒྱུན་འཛིན་པ། ཧྲང་ཧའེ་ཅི་ཉི་སི་ཟིན་ཐོ་བསྐྲུན་མཁན་དགེ་རྒན་དཔག་བསམ་དོན་འགྲུབ་ལགས་ཡིན། ཁོང་གིས་ལོ་གསུམ་རིང་གི་དཀའ་བ་སྤྱད་དེ་བྲིས་གཟུགས་ཞལ་ཐང་རིང་མོ་འདི་ཉིད་ལེགས་གྲུབ་བྱུང་སྟེ། མི་རིགས་རིག་གནས་རྒྱུད་འཛིན་དང་དགེ་རྟག་གཞས་ཚིག་གི་འཁྲབ་སྟོན་རྣམ་པར་སློབ་སྦྱོང་ཞིབ་འཇུག་བྱ་ཆེད་དང་ལྷག་པར་དུ་ཁམས་པའི་ཐུན་མིན་རིག་གནས་འགྲེམ་སྟོན་བྱ་ཆེད་དུ་གསར་བཞེངས་བྱས་པ་ཞིག་ཡིན།
ཞལ་ཐང་རིང་མོའི་རིང་ཚད་ལ་སྨི་180དང་ཞེང་ལ་སྨི་0.8ཡོད་དེ་ནང་དོན་ལ་སྔོན་འགྲོའི་གཏམ། 《དགེ་རྟག་གཞས་ཚིག》 མཇུག་གི་གཏམ་དང་གཞས་ཚིག་གསར་པ་བཅས་ཚན་པ་གསུམ་དང་། ལཉྫ་དང་ཝརྟུ། དབུ་ཅན། འབྲི་ཚ། དཔེ་ཚུགས། ཁམས་ཀྱི་མཛེས་རིས། འཁྱུགས་ཡིག་སོགས་བྲིས་གཟུགས་རིགས་བཅུ་ཡིས་གྲུབ་ཡོད།
དགེ་རྒན་དཔག་བསམ་དོན་འགྲུབ་ཀྱིས་གསུང་རྒྱུར། ད་ལྟའི་བར་དུ་ངས་བྲིས་གཟུགས་སྦྱངས་ནས་བགྲང་བྱ་སུམ་ཅུ་ཟིན་འདུག བརྩམས་ཆོས་དེ་ཡང་རང་ཉིད་ཀྱི་བྲིས་གཟུགས་སྒྱུ་རྩལ་གྱི་ལམ་བུའི་སྤྱི་སྡོམ་ཞིག་ཀྱང་ཡིན།།