ཞིང་ལས་ཚན་རྩལ་གྱིས་དབུལ་སྒྲོལ་དང་འབྱོར་འབྲིང་སྤྱི་ཚོགས་སུ་བསྐྱོད་པའི་བརྒྱུད་རིམ་ཁྲོད་འདེགས་སྐྱོར་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས། གནད་སྨིན་དབུལ་སྐྱོར་དང་ཐོན་ལས་དབུལ་སྒྲོལ་རོགས་སྐྱོར་བྱ་ཆེད། ཟླ་4པའི་ཚེས་1ཉིན་གྱི་སྔ་དྲོར། སི་ཁྲོན་ཞིང་ལས་ཚན་རྩལ་མི་རིགས་ས་ཁུལ་དང་དབུལ་པོའི་ས་ཁུལ་དུ་བསྐྱོད་པའི་བྱ་འགུལ་འཆར་གཞིའམ་གནད་སྨིན་དབུལ་སྒྲོལ་གྱི་ལས་ཀའི་ཚོགས་འདུ་ཁྲེན་ཏུའུ་རུ་འཚོགས། དཀར་མཛེས་ཁུལ་དང་རྔ་བ་ཁུལ། ལེའང་ཧྲན་ཁུལ། ལི་ཧྲན་གྲོང་ཁྱེར་དང་ཡུས་ལུང་། ཨིན་ཡང་། ཀུའུ་ལན་སོགས་རྫོང་ཁག་10ནས་ཡོང་བའི་འབྲེལ་ཡོད་འགན་འཁུར་བ། ཞིང་ཆེན་ཞིང་ལས་ཚན་རིག་ཁང་གི་འགོ་ཁྲིད་དང་ཞིང་ཆེན་རིམ་པའི་འབྲེལ་ཡོད་ལས་ཁུངས་ཁག་གི་འགན་ཁུར་བ་དང་ཆེད་རམས་པ་བསྡོམས་པའི་མི་60ལྷག་ཚོགས་འདུར་ཞུགས།
ཚོགས་འདུའི་སྟེང་། དཀར་མཛེས་ཁུལ་ཨུའི་རྒྱུན་ཨུ། ཞིང་བཟོ་ཨུ་ལྷན་གྱི་ཀྲུའུ་རེན་དབྱང་ཁའེ་ཡིས་མཉམ་ལས་ཉམས་མྱོང་བརྗེ་རེས་དང་། ཞིང་ཆེན་ཞིང་ལས་ཚན་རིག་ཁང་གི་ཡོན་ཀྲང་ལི་ཡོན་ཅན་དང་དཀར་མཛེས་ཁུལ་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་ཏུའུ་ཏེ་ཆིན་གཉིས་ཀྱིས་མཉམ་དུ་སི་ཁྲོན་ཞིང་ཆེན་ཞིང་ལས་ཚན་རིག་གླིང་དང་དཀར་མཛེས་ཁུལ་མི་དམངས་སྲིད་གཞུང་གི་རེས་སྐོར་གསུམ་པའི་ཚན་རྩལ་མཉམ་ལས་འཐབ་ཇུས་ཀྱི་གྲོས་མཐུན་ལ་མིང་རྟགས་བཀོད།
དབྱང་ཁེ་ཡིས་དཀར་མཛེས་ཁུལ་ནི་རྒྱལ་ཡོངས་ཀྱི་འདུས་སྡོད་ཡུག་འབྲེལ་གྱི་དམིགས་བསལ་དབུལ་ཕོངས་ས་ཁུལ་14ཡི་གྲས་དང་ཞིང་ཆེན་ཡོངས་ཀྱི་དབུལ་སྐྱོར་འགག་སྒྲོལ་གྱི་ཡུག་སྦྲེལ་ཁུལ་ཆེན་བཞིའི་གྲུབ་ཆ་གཙོ་བོ་ཡིན། དབུལ་ཕོངས་ཀྱི་གྲངས་མང་ཤིང་རྒྱ་ཆེ་བ། ཚད་ཟབ་པས་དབུལ་གྲོལ་དང་འབྱོར་འབྲིང་ལ་བསྐྱོད་པའི་ལས་འགན་ལྕི་ཞིང་གནོན་ཤུགས་ཤིན་ཏུ་ཆེ། ཞིང་ཆེན་ཞིང་ལས་ཚན་རིག་ཁང་དང་རེས་སྐོར་གསུམ་པའི་ཞིང་ལས་ཚན་རིག་མཉམ་ལས་ཀྱི་གྲོས་མཐུན་བཞག་པ་བརྒྱུད། ཞིང་ལས་ཚན་རིག་ཁང་གི་ཆེད་རམས་པ་ཚོའི་བརྩེ་སེམས་དང་ཤེས་རབ། རྒྱབ་སྐྱོར་ཆེན་པོའི་འོག དཀར་མཛེས་ཁུལ་གྱིས་མཐོ་སྒང་གི་དེང་རབས་ཁྱད་ཆོས་ལྡན་པའི་སྐྱེ་ཁམས་ཞིང་འབྲོག་ལས་རིགས་མགྱོགས་མྱུར་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏང་ཐུབ་པ་དང་། དབུལ་གྲོལ་དང་འབྱོར་འབྲིང་དུ་བསྐྱོད་པའི་མཐའ་མཇུག་གི་རྒྱལ་ཁ་ལོན་པར་ཡིད་ཆེས་ཆེན་པོ་ཡོད་ཅེས་གསར་འགོད་པར་བཤད།
ཉིན་དེའི་ཕྱི་དྲོར། ཞིང་ཆེན་ཞིང་ལས་ཚན་རིག་གླིང་གི་ཆེད་རམས་པ་དང་དཀར་མཛེས་ཁུལ་ཞིང་ལས་ཅུས། དཀར་མཛེས་ཁུལ་ཞིང་ལས་ཚན་རིག་གླིང་གི་ཆེད་རམས་པས་ད་དུང་མཉམ་ལས་རྣམ་གྲངས་སྦྲེལ་མཐུད་སྐོར་གྱི་བཞུགས་མོལ་ཚོགས་འདུ་འཚོགས།།