སྣང་རའི་སྟོང་དཔོན་གྱི་གཞིས་ཀ་ནི་མཚོ་སྔོན་ཞིང་ཆེན་རྨ་ལྷོ་ཁུལ་གཅན་ཚ་རྫོང་སྣང་ར་ཞང་གྲམ་པ་ནང་སྡེ་བར་ཡོད་པ་དང་། སྣང་རའི་སྟོང་དཔོན་ནི་བོད་བཙན་པོ་ཁྲི་རལ་བ་ཅན་གྱི་གདུང་རྒྱུད་ཡིན་ལ། དུས་རབས་བཅུ་བདུན་པའི་སྟོད་དུ་འབུམ་རྒྱལ་བུ་རྒྱུད་ཀྱི་ཡང་ཚ་ཡབ་ངག་དབང་རྣམ་རྒྱལ་ལ་དུད་ཉིས་སྟོང་ཙམ་གྱི་ལས་དོན་ཤེས་དགོས་པའི་ལས་ཀ་དང་བེ་ཧུའི་ཐོབ་གནང་ནས་སྣང་རའི་དཔོན་པོར་བསྐོས་ཏེ་གཅན་ཚ་ཉིན་སྲིབ་ལ་དབང་བསྒྱུར་པ་རེད། སྣང་རའི་སྟོང་དཔོན་གྱི་གཞིས་ཀ་ནི་ཆིན་རྒྱལ་རབས་ནས་བཟུང་ཐེངས་དུ་མར་བསྐྲུན་ཞིང་། གཞི་རྒྱ་ཆེ་བ་ནི་1947ལོར་སླར་ཡང་ལས་འགོ་བརྩམས་ནས1949ལོའི་བར་དུ་ཡོངས་སུ་འགྲུབ་པ་དེ་ཡིན།
གཞིས་ཀ་དེ་ནི་སྟོང་དཔོན་མཐའ་མ་དབང་ཆེན་དོན་གྲུབ་ཀྱིས་གཙོ་བྱས་ནས་བཞེངས་པ་རེད། མཁར་གྱི་རྨང་གཞི་ཅུང་ཆེ་ཞིང་གྱང་མཐུག་པར་མ་ཟད། མཐོ་ཚད་ལ་སྨི7ཡོད་པས་འགོག་སྲུང་གི་ནུས་པ་ཤིན་ཏུ་ཆེ་ཞིང་བཙན། གཞིས་ཀ་དེའི་ས་ཡི་སྤྱིའི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་4600ཡོད་ཅིང་། མཆོད་ཁང་དང་། གཞུང་སྒྲུབ་ཁང་། སྣེ་ལེན་ཁང་། གཟིམ་ཁང་བཅས་བསྡོམས་པས་ཁང་པ་གྱན97ཡོད་པ་དེའི་སའི་རྒྱ་ཁྱོན་ལ་སྨི་2700ཡོད་པ་རེད། འདི་ལ་ལྷས་ཕྱི་ནང་གཉིས་སུ་ཕྱེས་ཡོད་ལ། ལྷས་ཕྱི་མའི་ཕྱོགས་བཞིར་རྒྱ་ཕིབས་མེད་པའི་བོད་ལུགས་ཀྱི་ཁང་བ་ཉིས་ཐོག་ཅན་ཡོད། ཕྱོགས་བཞིར་ཁང་བ་གྱན་བདུན་རེ་དང་། གྱན་རེ་རེའི་བར་ཐག་ལ་སྨི་2.6དང་ཁང་པའི་མཐོ་ཚད་ལ་སྨི་8.2ཡོད། ཉིས་ཐོག་གི་ཁྱམས་ར་བཞི་སྐོར་དུ་ཡོད་ལ། དེའི་དཀྱིལ་དུ་ལྷས་ར་ནང་མར་ཕར་ཚུར་འགྲོ་འོང་བྱེད་ཆོག་པ་དང་གོང་འོག་ལ་ཤིང་སྐས་ཡོད། ཁང་བ་དེའི་རྒྱབ་ཕྱོགས་སུ་ཤར་ནུབ་ཁ་སྤྲོད་ཅན་གྱི་བདེ་ཁང་གྱན་ལྔ་རེ་ཡོད། གཞུག་གི་གྲུ་ཟུར་གཉིས་སུ་སོ་སོར་ལྷས་ཆུང་བ་རེ་ཡོད་པ་དང་། ཟུར་ཐོག་གོང་འོག་གཉིས་ལ་ཁང་མིག་དྲུག་དང་ཕྱེད་ཀ་ཡོད་པ་ནི་བསྐང་གསོལ་འདོན་ས་དང་བླ་མ་ཞུ་ས་ཡིན། དཀྱིལ་གྱི་གྱན་ལྔ་ནི་ལྷ་ཁང་ཡིན། གཞིས་ཀའི་སྒོ་ཆེན་ཁང་པ་ཉིས་ཐོག་ཅན་དུ་བྱས་ཡོད་ལ། སྒོ་ལེབ་གཉིས་པོ་དམར་མདོག་ཏུ་བྱས་པས་ཡ་མོན་དང་ཧ་ཅང་འདྲ། གང་ལྟར་དེའི་འཛུགས་སྐྲུན་གྱི་ཐད་དུ་དཔོན་པོ་དབང་ཆེན་དངོས་སུ་ཀོའུ་བ་དགོན་པར་སོང་ནས་གྱོ་བཟོ་བཙལ་བ་དང་། ཀན་སུའུ་མཆོད་རྟེན་དཀར་པོའི་དགོན་པ་ནས་ཤིང་ལ་རི་མོ་བརྐོ་བའི་ལག་རྩལ་མི་སྣ་དང་སྟོང་སྐོར་སྐུ་འབུམ་དགོན་ནས་ལྷ་བཟོ་འཇོན་ཐང་ཅན་སོགས་གདན་དྲངས་ཏེ་མཆོད་ཁང་དང་འགྲུལ་ཁང་བཅས་ཀྱི་རྩིག་ལྡེབས་ངོས་སུ་ཚོན་རིས་ཅན་གྱི་སྲོལ་རྒྱུན་རི་མོ་སྣ་ཚོགས་བརྐོས་པའམ་བྲིས་ཡོད་པས་བཟོ་བཀོད་བརྗིད་ཉམས་ལྡན་པ་དང་། གཞན་ཡང་སྣང་རའི་གྲོང་བརྒྱད་ཀྱིས་མི་ཤུགས་དང་རྒྱུ་ཤུགས་མང་དུ་བཏང་སྟེ་བསྟུད་མར་ལོ་གསུམ་ནས་བཞི་ལ་བསྐྲུན་ཏེ་ད་གཟོད་ཡོངས་འགྲུབ་བྱུང་པ་རེད།
2015ལོའི་《གངས་ལྗོངས་ཉི་གཞོན།》དེབ་དྲུག་པ་ལས་བཤུས།