ས་གནས་དེ་གའི་དུས་ཚོད་སྤྱི་ཟླ་11པའི་ཚེས་22ཉིན་གྱི་སྔ་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་མ་ལེ་ཞི་ཡའི་རྒྱལ་ས་ཁལ་ལུང་ཕུའི་རྒྱལ་སྤྱིའི་གྲོས་ཚོགས་ལྟེ་གནས་ནས་སྐབས་བཅུ་པའི་ཨེ་ཤ་ཡ་ཤར་མའི་མཐོ་རིམ་གྲོས་ཚོགས་སུ་ཞུགས། ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་རྒྱལ་ཁབ་ཀྱི་འགོ་ཁྲིད་མི་སྣ་དང་། ཁོ་རི་ཡ་ལྷོ་མའི་སྲིད་འཛིན་ཕིའོ་ཅིན་ཧུའེ། འཇར་ཕན་གྱི་སྤྱི་ཁྱབ་བློན་ཆེན་ཨན་ཕའེ་ཅིན་སན། ཨ་རིའི་སྲིད་འཛིན་ཨོ་པཱ་མ། ཨུ་རུ་སུའི་ཙུང་ལི་མེ་ཏེ་ཝེ་ཅེ་ཧྥུ། ཧིན་རྡུའི་ཙུང་ལི་མའོ་ཏི། ཨོ་སི་ཐྲ་ལི་ཡའི་ཙུང་ལི་ཐེ་ཨུན་པུ་ཨར། ནིའུ་ཟེ་ལན་གྱི་ཙུང་ལི་ཡོ་ཧན་ཅི་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཕན་ཅི་ཝུན་བཅས་ཚོགས་ཞུགས་བྱས། མ་ལེ་ཞི་ཡའི་ཙུང་ལིི་ནཱ་ཅི་པུ་ཡིས་གྲོས་ཚོགས་ལ་གཙོ་སྐྱོང་བྱས།
ལི་ཁེ་ཆང་གིས་གསུང་བཤད་ཁྲོད་བསྟན་དོན། ཨེ་ཤ་ཡ་ཤར་མའི་མཐོ་རིམ་གྲོས་ཚོགས་བཙུགས་ནས་ལོ་འཁོར་བཅུ་ལོན་ཏེ་དེ་ནི་ཨེ་ཤ་ཡ་ཤར་མའི་མཉམ་ལས་གོང་འཕེལ་བྱུང་བའི་ལོ་ངོ་བཅུ་དང་རྒྱལ་ཁབ་སོ་སོས་དར་རྒྱས་ཀྱི་གྲུབ་འབྲས་མཉམ་སྤྱོད་བྱས་པའི་ལོ་ངོ་བཅུ་ཡིན་ཞིང་། ཨེ་ཤ་ཡ་ཤར་མའི་མཐོ་རིམ་གྲོས་ཚོགས་ཀྱི་ཕན་ཤུགས་ཆེ་རུ་བསྐྱེད་བཞིན་པའི་ལོ་ངོ་བཅུ་ཡང་ཡིན། འགོ་ཚུགས་ས་གསར་པ་ཞིག་ནས་ང་ཚོས་མུ་མཐུད་དུ་འགོ་ཁྲིད་པས་སྣེ་ཁྲིད་པའི་འཐབ་ཇུས་གླེང་སྟེགས་ཀྱི་གནས་ཐིག་དེར་རྒྱུན་འཁྱོངས་བྱེད་དགོས་ཤིང་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་གཙོ་ཁྲིད་ཀྱི་གོ་གནས་རྒྱུན་འཁྱོངས་བྱེད་དགོས། འཕེལ་རྒྱས་དང་བདེ་འཇགས་ཀྱི་འཁོར་གཉིས་སྒུལ་བྱེད་ལ་རྒྱུན་འཁྱོངས་བྱེད་དགོས་ཤིང་སྒྲིག་གཞི་སོ་སོའི་མཐུན་འགྲིག་འཕེལ་རྒྱས་ལ་རྒྱུན་འཁྱོངས་བྱེད་དགོས། ཨེ་ཤ་ཡ་ཤར་མ་མུ་མཐུད་དུ་འཛམ་གླིང་ཞི་བདེ་བརྟན་བརླིང་བྱུང་བའི་གཏིང་རྡོ་དང་འཕེལ་རྒྱས་གསོན་ཤུགས་ཀྱི་མགོ་ཁུངས་ལྟ་བུར་གྱུར་དགོས། ངེས་པར་ཏུ་རྙེད་དཀའ་བའི་རྣམ་པ་བཟང་པོ་དེ་དམ་འཛིན་བྱེད་དགོས་ཏེ་དཔལ་འབྱོར་དང་བདེ་འཇགས། མི་ཆོས་དཔལ་ཡོན་བཅས་ཀྱི་ཀ་བ་ཆེན་པོ་གསུམ་དེ་སྲ་བརྟན་བྱས་ནས་ས་ཁོངས་མཉམ་ལས་ལ་སྒུལ་ཤུགས་གསར་པ་བསྐྲུན་དགོས། ལི་ཁེ་ཆང་གིས་འབྱུང་འགྱུར་གྱི་མཐོ་རིམ་གྲོས་ཚོགས་མཉམ་ལས་ལ་དགོངས་འཆར་གསུམ་བསྟན་ཡོད་དེ།
གཅིག ས་ཁུལ་དཔལ་འབྱོར་ཕུང་བོ་གཅིག་ཅན་དུ་མགྱོགས་མྱུར་སྐུལ་འདེད་བྱེད་དེ་ཨེ་ཤ་ཡ་ཤར་མ་དེ་འཛམ་གླིང་དཔལ་འབྱོར་གྱི་སྲ་བརྟན་འཕར་གཞི་གསར་པ་རུ་བསྐྲུན་དགོས།
གཉིས། ཆབ་སྲིད་བདེ་འཇགས་ཀྱི་བགྲོ་གླེང་སྤེལ་ཏེ་ས་ཁུལ་དེ་གར་འཚམ་པའི་བདེ་འཇགས་སྒྲོམ་གཞི་འཛུགས་པར་དཔྱད་བསྡུར་བྱ་དགོས།
གསུམ། ཨེ་ཤ་ཡའི་དཔལ་ཡོན་བགྲོ་གླེང་སྤེལ་རེས་ཤུགས་སྣོན་བྱས་ཏེ་རིགས་མི་འདྲ་བའི་དཔལ་ཡོན་འཆམ་མཐུན་མཉམ་གནས་ལ་སྐུལ་འདེད་བྱ་དགོས།
ལི་ཁེ་ཆང་གིས་བསྟན་དོན། ཨེ་ཤ་ཡ་ཤར་མའི་རྒྱལ་ཁབ་སོ་སོ་ཕན་ཚུན་གཅིག་ལྟོས་ཀྱིས་རིམ་བཞིན་ཁེ་ཕན་གྱི་ཐུན་མོང་རྩ་འཛུགས་ཤིག་ཏུ་གྲུབ་ཡོད། ང་ཚོས་མཐུན་སྒྲིལ་མཉམ་ལས་དང་སྒོ་འབྱེད་བཟོད་སྒོམ་གྱི་སྙིང་སྟོབས་རྒྱུན་འཁྱོངས་བྱས་ཏེ་ཁེ་ཕན་གཅིག་འདུས་བྱེད་ཁྱོན་ཆེ་རུ་གཏང་བར་འབད་བརྩོན་ཧུར་ལེན་དང་། ནུས་ལྡན་སྒོས་ཕྱོགས་འགལ་དོ་དམ་ཚོད་འཛིན་བྱས་ན་ཨེ་ཤ་ཡ་ཤར་མའི་མཉམ་ལས་དེ་བདེ་ཐང་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་རྒྱུན་འཁྱོངས་བྱ་ཐུབ་ཅིང་སྔར་ལས་ལྷག་པའི་སྒོས་ས་ཁུལ་གྱི་རིགས་སོ་སོའི་མི་དམངས་ལ་བདེ་སྐྱིད་བསྐྲུན་ངེས།
ལི་ཁེ་ཆང་གིས་ད་དུང་ལྷོ་ཕྱོགས་རྒྱ་མཚོའི་གནད་དོན་ཐད་ནས་ཀྲུང་ཕྱོགས་ཀྱི་རྩ་དོན་ལངས་ཕྱོགས་དང་བསམ་འཆར་ལྔ་བཏོན།།