སྤྱི་ཟླ་11པའི་ཚེས་18ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧྥི་ལི་ཕིན་གྱི་རྒྱལ་ས་མ་ནི་ལ་ནས་ཁོ་ལོམ་པི་ཡའི་སྲིད་འཛིན་སང་ཐོ་སི་དང་མཇལ་འཕྲད་གནང་།
ཞི་ཅིན་ཕིང་གིས་ཀྲུང་གོའི་ཕྱོགས་ནས་ཀྲུང་གོ་དང་ཁོ་ལོམ་པི་ཡའི་འབྲེལ་བར་ཚད་མཐོ་བའི་མཐོང་ཆེན་བྱེད་བཞིན་ཡོད། ང་ཚོས་ཁོ་ལོམ་པི་ཡ་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱིས་འབྲེལ་བ་བཙུགས་ནས་ལོ་འཁོར་35ལོན་པ་འཕེལ་རྒྱས་ཀྱི་འགོ་ཚུགས་གསར་ཞིག་ཏུ་ངོས་འཛིན་བྱས་ཏེ་ཕྱོགས་གཉིས་ཀྱི་འབྲེལ་བ་སྐས་རིམ་གསར་པ་ཞིག་ཏུ་འཕེལ་བར་སྐུལ་འདེད་གཏང་འདོད། ཕྱོགས་གཉིས་ཀྱིས་མཐོ་རིམ་དང་ཁྱབ་ཁོངས་སོ་སོའི་འགྲོ་འོང་ལ་ཤུགས་སྣོན་བྱས་ཏེ་ཆབ་སྲིད་ཡིད་ཆེས་གོང་འཕེལ་དུ་གཏང་དགོས། རྒྱལ་ཁབ་གཉིས་ཀྱི་ཕན་ཚུན་གསབ་སྐོང་གི་ཁྱད་ཆོས་དམིགས་སུ་བཟུང་སྟེ་ཐོན་ལས་མཐུད་སྦྲེལ་དང་དངུལ་དང་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན། བཟོ་སྐྲུན་ལས་རིགས། ནུས་ཁོངས་གསར་པ། ཞིང་ལས་སོགས་ཀྱི་མཉམ་འབྲེལ་རྒྱ་སྐྱེད་གཏང་དགོས། ང་ཚོས་ཀྲུང་གོའི་ཁེ་ལས་ཀྱིས་ཁོ་ལིམ་པི་ཡར་དངུལ་རྩ་འཇོག་པར་རྒྱབ་སྐྱོར་བྱ་ངེས། ཁོ་ལོམ་པི་ཡ་དང་མཉམ་དུ་བཟོ་ཚོང་གི་འཕེལ་རྒྱས་སྔོག་འདོན་དང་འཕེལ་རིམ་གསར་པ་གསོ་སྐྱོང་བྱས་ཏེ་རྒྱལ་ཁབ་གཉིས་ཀྱི་བཟོ་ཚོང་བདེ་བླག་ངང་འཕེལ་རྒྱས་སུ་འགྲོ་བར་འགན་སྲུང་བྱ་འདོད། དེ་མིན་རིག་གནས་དང་སློབ་གསོ། ཡུལ་སྐོར། ས་ཁུལ་སོགས་མི་ཆོས་བརྗེ་རེས་ལ་ཤུགས་སྣོན་དང་རྒྱལ་ཁབ་གཉིས་ཀྱི་ཕན་ཚུན་གྱི་རྒྱུས་ལོན་དང་མཛའ་བརྩེ་གོང་འཕེལ་དུ་གཏང་དགོས། ཀྲུང་གོའི་ཕྱོགས་ནས་ཁོ་ལོམ་པི་ཡའི་རྒྱལ་ནང་གི་ཞི་བདེ་གྲུབ་འབྲས་བཟང་པོ་བླངས་པར་དགའ་སྤྲོ་སྐྱེས་བཞིན་ཡོད་ཅེས་བསྟན།
སང་ཐོ་སི་ཡིས་ང་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཁོ་ལོམ་པི་ཡ་དང་ཀྲུང་གོའི་འབྲེལ་བར་གདེང་འཇོག་གནང་པར་མོས་མཐུན་བྱུང་ཡོད། ཁོ་ལོམ་པི་ཡའི་ཕྱོགས་ནས་ཀྲུང་གོ་དང་མཉམ་དུ་ཁོ་ལོམ་པི་ཡ་དང་ཀྲུང་གོའི་འབྲེལ་བ་སྲ་བརྟན་དུ་གཏང་འདོད། ཀྲུང་གོ་ནི་ཁོ་ལོམ་པི་ཡའི་ཆེས་གལ་ཆེ་བའི་མཛའ་འབྲེལ་རྒྱལ་ཁབ་ཡིན། ཁོ་ལོམ་པི་ཡའི་ཕྱོགས་ནས་ཀྲུང་གོ་དང་མཉམ་དུ་རྨང་གཞིའི་སྒྲིག་བཀོད་དང་ཞིང་ལས་འདེབས་འཛུགས། ལས་ཞིང་ཐོན་རྫས་ཀྱི་ལས་སྣོན་སོགས་ཁྱབ་ཁོངས་ཀྱི་མཉམ་འབྲེལ་རྒྱ་སྐྱེད་གཏང་འདོད། དེ་མིན་ཁོ་ལོམ་པི་ཡའི་ཕྱོགས་ནས་ཀྲུང་གོའི་རྒྱལ་སྤྱི་དང་ས་ཁུལ་ལས་ཀའི་ཁྲོད་ཀྱི་བརྗེ་རེས་དང་སྙོམས་སྒྲིག་ལ་ཤུགས་སྣོན་བྱ་འདོད་པར་མ་ཟད་ཀྲུང་གོ་ནི་བདེ་འཇགས་ཨུ་ལྷན་གྱི་རྒྱུན་ལས་རྒྱབ་ཁབ་ཡིན་པས་ཆ་ནས་ཁོ་ལོམ་པི་ཡའི་རྒྱལ་ནང་གི་ཞི་བདེ་ལས་ཀར་རྒྱབ་སྐྱོར་བྱ་རྒྱུའི་རེ་བ་ཡོད་ཅེས་བསྟན།།