ཞི་ཅིན་ཕིང་གིས་ཨུ་རུ་སུའི་སྲིད་འཛིན་ཕུའུ་ཅིན་དང་མཇལ་འཕྲད་གནང་།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 11-17



  སྤྱི་ཟླ་11པའི་ཚེས་15ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཏུར་ཁེ་ཡི་ཨན་ཐ་ལི་ཡ་ནས་ཨུ་རུ་སུའི་སྲིད་འཛིན་ཕུའུ་ཅིན་དང་མཇལ་འཕྲད་གནང་།

  ཞི་ཅིན་ཕིང་གིས་ད་ལོའི་ཚུན་ལ་ཀྲུང་གོ་དང་ཨུ་རུ་སི་རྒྱལ་ཁབ་གཉིས་ཀྱིས་ཁྱབ་ཁོངས་ཡངས་པའི་མཉམ་འབྲེལ་གཏིང་ཟབ་ཏུ་སྤེལ་ཏེ་ཀྲུང་གོ་དང་ཨུ་རུ་སུའི་ཕྱོགས་ཡོངས་འཐབ་ཇུས་མཛའ་འབྲེལ་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་བཏང་སྟེ་དགའ་འོས་པའི་གྲུབ་འབྲས་ཐོབ། ཀྲུང་གོ་དང་ཨུ་རུ་སུ་གཉིས་ཀྱིས་ལོ་གསར་པའི་ནང་མུ་མཐུད་དུ་མཉམ་ལས་འབྲེལ་བར་ཤུགས་སྣོན་བྱས་ཏེ་བློ་བརྟན་འགྱུར་མེད་སྒོས་འཛམ་གླིང་འཁྲུག་ཆེན་གཉིས་པའི་རྒྱལ་ཁའི་གྲུབ་འབྲས་དང་མཉམ་འབྲེལ་རྒྱལ་ཚོགས་དཀྱིལ་སྙིང་ཡིན་པའི་རྒྱལ་སྤྱིའི་སྒྲིག་ལུགས་ལ་འགན་སྲུང་བྱ་དགོས། དེ་མིན་རྒྱལ་སྤྱིའི་སྒྲིག་ལུགས་དྲང་བདེན་དང་འོས་མཐུན་གྱི་ཕྱོགས་སུ་འཕེལ་བར་སྐུལ་འདེད་གཏང་བར་རེ་བ་བྱེད་བཞིན་ཡོད། ཀྲུང་གོ་དང་ཨུ་རུ་སུའི་དཔལ་འབྱོར་གྱི་ཁ་གསབ་རང་བཞིན་དང་བཟོ་ཚོང་འཕེལ་རྒྱས་ལ་མདུན་ལྗོངས་ལེགས་པོ་ལྡན། ཕྱོགས་གཉིས་ཀྱིས་བཟོ་ཚོང་ཆུ་ཚད་མཐོར་འདེགས་སུ་གཏང་སྟེ་དངུལ་རྩ་དང་ཉེན་སྲུང་སོགས་ཀྱི་མཉམ་འབྲེལ་རྒྱ་སྐྱེད་གཏང་དགོས། ང་ཚོས་ཨུ་རུ་སུའི་ཕྱོགས་དང་མཉམ་དུ་དར་གོས་ཚོང་ལམ་གྱི་དཔལ་འབྱོར་ཁུལ་འཛུགས་སྐྲུན་དང་ཨེ་ཤ་ཡའི་དཔལ་འབྱོར་མནའ་འབྲེལ་གྱི་མཐུད་སྦྲེལ་མཉམ་འབྲེལ་མགྱོགས་མྱུར་སྒོས་ལག་བསྟར་བྱ་འདོད་ཅེས་བསྟན།

  ཕུའུ་ཅིན་གྱིས་ཨུ་རུ་སུ་དང་ཀྲུང་གོས་ཁྱབ་ཁོངས་སོ་སོའི་འབྲེལ་འདྲེས་གཏིང་ཟབ་པོའི་སྒོ་ནས་རྒྱུན་འཁྱོངས་བྱེད་བཞིན་ཡོད། ཕྱོགས་གཉིས་ཀྱིས་བཟོ་ཚོང་དང་ནུས་ཁུངས། ཉིང་རྡུལ་གློག་ཤུགས། རྫས་འགྱུར་བཟོ་ལས། ཚན་རྩལ། དངུལ་རྩ།

མི་ཆོས་རིག་གནས་སོགས་ཀྱི་མཉམ་ལས་དང་བརྗེ་རེས་གཏིང་ཟབ་ཏུ་སྤེལ་དགོས། ཨུ་རུ་སུ་ཕྱོགས་ཀྱིས་ཡོ་རོབ་གླིང་དང་ཨེ་ཤ་ཡའི་དཔལ་འབྱོར་མནའ་འབྲེལ་དེ་ཀྲུང་གོ་ཕྱོགས་ཀྱི་དར་གོས་ཚོང་ལམ་དཔལ་འབྱོར་ཁུལ་འཛུགས་སྐྲུན་དང་མཐུད་སྦྲེལ་བྱེད་པར་རྒྱབ་སྐྱོར་བྱེད་བཞིན་ཡོད། ཨུ་རུ་སུ་དང་ཀྲུང་གོ་གཉིས་ཀྱིས་རྒྱལ་སྤྱིའི་བཅའ་ཁྲིམས་ཀྱི་རྩ་དོན་ལ་སྲུང་སྐྱོབ་ཐད་ལ་ནུས་པ་གལ་ཆེན་བཏོན་ཏེ་རྒྱལ་སྤྱིའི་གལ་ཆེ་བའི་གནད་དོན་ཐད་ནས་གཅིག་མཐུན་གྱི་ལྟ་ཚུལ་གྲུབ་པ་རེད། ཨུ་རུ་སུ་ཕྱོགས་ཀྱིས་ཀྲུང་གོ་ཐེངས་རྗེས་མར་རྒྱལ་ཁབ་ཉི་ཤུའི་ཚོགས་པའི་ཀྲུའུ་ཞིའི་རྒྱལ་ཁབ་ཡིན་པའི་ངོས་ནས་རྒྱལ་སྤྱིའི་དཔལ་འབྱོར་དངུལ་རྩའི་མཉམ་ལས་ཐད་ལ་སྔར་ལས་ལྷག་པའི་ནུས་པ་ཆེན་པོ་འདོན་པར་རྒྱབ་སྐྱོར་བྱ་འདོད་ཅེས་བསྟན།།

 

 




དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1