སློབ་ཆུང་སློབ་མ་རྩོམ་ཡིག་ལ་འཇུག་པའི་ཐབས་ཤེས་རགས་ཙམ་གླེང་བ།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 04-11


སློབ་ཆུང་སློབ་མ་རྩོམ་ཡིག་ལ་འཇུག་པའི་ཐབས་ཤེས་རགས་ཙམ་གླེང་བ།

དཔལ་ལྡན་དྲི་མེད།༼སྡེ་དགེ་རྫོང་རྫོགས་ཆེན་གྲོང་རྡལ་ལྟེ་གནས་སློབ་ཆུང་གི་བོད་ཡིག་དགེ་རྒན།༽

ནང་དོན་གནད་བསྡུས།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གྲངས་ཉུང་མི་རིགས་ཀྱི་རིག་གནས་འཕེལ་རྒྱས་ལ་ཚད་མཐོའི་མཐོང་ཆེན་གནང་ཡོད་པས། ང་ཚོས་ཀྱང་ཏང་དང་རྒྱལ་ཁབ་ཀྱི་ཆབ་སྲིད་བཟང་པོའི་གདུགས་གཅིག་གི་འོག་ནས། མི་རིགས་མཐུན་སྒྲིལ་དང་རྒྱལ་ཁབ་བརྟན་སྲུང་གི་དམིགས་འདུན་གཙོ་བོར་བཟུང་ནས་རང་ནུས་གང་ཡོད་ཀྱིས་མི་རིགས་དང་རྒྱལ་ཁབ་ལ་སྲི་ཞུ་བསྒྲུབ་འོས། འདིར་དམན་བུ་རང་ཉིད་ཀྱིས་ལོ་དུ་མར་བོད་ཡིག་དགེ་རྒན་གྱི་འགན་ཁུར་བའི་ཉམས་མྱོང་ལ་གཞིགས་ཏེ་སློབ་ཆུང་སློབ་མ་རྩོམ་ཡིག་ལ་འཇུག་པའི་སྐོར་ཐབས་ལམ་གསུམ་གྱི་སྒོ་ནས་བརྗོད་ཡོད།

བརྡ་ཆད་གཙོ་བོ། ཡུལ་སྲོལ་གོམས་གཤིས། ས་བཅད། སྒྲོམ་བརྙན།

དང་པོ། རྩོམ་ཡིག་འབྲི་བར་ཚང་དགོས་པའི་མ་མཐའི་ཆ་རྐྱེན།

    མི་རིགས་དང་ས་གནས་གང་ཡིན་ཡང་། ཐོག་མར་སྐད་ཡོད་པ་ནས་ཡི་གེ་ཡོད་པར་གྱུར་ལ། ཡི་གེ་ཚད་ལྡན་དུ་གྱུར་རྗེས། ད་གཟོད་སོ་སོའི་བསམ་བློ་དང་མཛེས་དཔྱོད་ལ་བརྟེན་ནས་ཡི་གེའི་ལམ་ནས་རྩོམ་ཡིག་སོགས་རིམ་གྱིས་བྱུང་བ་ཡིན། མི་རིགས་སུ་ཞིག་ཡིན་ནའང་དེའི་སྐད་ཡིག་གི་ལམ་ནས་རྩོམ་ཡིག་འབྲི་བ་ལ་མེད་ཐབས་མེད་པའི་རྩ་བའི་ཆ་རྐྱེན་ནི། མི་རིགས་གང་དེའི་སྐད་ལ་བྱང་ཆ་ཐོབ་པ་དང་མི་རིགས་རང་གི་མཛེས་དཔྱོད་ཀྱི་ལྟ་བ། བསམ་བློའི་འཁྱེར་ཕྱོགས་སོགས་ཡུལ་སྲོལ་གོམས་གཤིས་དག་ལ་རྒྱུས་ལོན་ཚད་ལྡན་ཞིག་ཡོད་པའི་ཁར། ཚིག་གི་སྡེབ་སྦྱོར་དང་དོན་གྱི་སྒྲིག་རིམ་སོགས་འཐུས་པར་བྱས་ན་ད་གཟོད་རྩོམ་ཡིག་ཚད་ལྡན་ཞིག་ཡོང་ཐུབ་པ་རེད། སྐད་ཆ་ཙམ་ལའང་བྱང་ཆ་མེད་པ་དང་མི་རིགས་གང་དེའི་ཡུལ་སྲོལ་གོམས་གཤིས་སོགས་ལ་རྒྱུས་ལོན་གཟབ་ནན་མེད་བཞིན་ཡི་གེ་དང་མིང་ཚིག་འགའ་བསྒྲིགས་ཀྱང་རྩོམ་ཡིག་ཡག་པོ་ཞིག་ཡོང་བ་ནི་རི་བོང་མགོའི་རྭ་ཅོ་བཞིན་ནོ། །

གཉིས་པ། སྐད་ལ་བྱང་ཆ་མེད་པའི་རྩོམ་ཡིག་གི་སྐྱོན་ཆ།

    མི་རིགས་གང་ཞིག་དང་ས་གནས་སོ་སོར་རང་རང་གི་སྐད་ལ་དངོས་ཤུགས་ཟུར་གསུམ་གྱི་གོ་བ་ལེན་རྒྱུ་ཡོད་པ་རེད། དཔེར་ན་གནའ་རབས་ངག་རིག་སྒྱུ་རྩལ་དམངས་གླུ་དང་ལ་གཞས། གབ་ཚིག་དང་གཏམ་དཔེ་སོགས་ལ་ཐད་ཀར་ཉན་ནས་གོ་བ་ལེན་རྒྱུ་ཞིག་དང་། ཤུགས་ཀྱིས་བསྟན་བྱ་གཞན་ཞིག་སྟོན་པ་སོགས་ཀྱང་ཡོད་པ་རེད། དཔེར་ན། “ཆུང་འདྲིས་ཁྱོད་ལ་ཅི་མཁོ། །ང་ལ་འདི་དགོས་གསུང་དང་། །ནམ་མཁའི་སྐར་མ་ཡིན་ཡང་། །སྐས་ཞིག་བཙུགས་ནས་ལེན་ཡོང་། །”①ཞེས་པའི་ལ་གཞས་འདིར་མཚོན་ན་བསྟན་བྱ་དངོས་ནི་ཆུང་འདྲིས་ཁྱོད་ལ་ཅི་དགོས་ཁོ་བོས་སྦྱིན་ཆོག་ཞེས་པ་དང་། ཤུགས་ལ་རང་ཉིད་ཀྱི་ནུས་པ་དང་འཇོན་ཐང་སོགས་བསྟན་ནས། འཇིག་རྟེན་གྱི་དངོས་པོ་གང་ཞིག་ཡིན་ཡང་ཁོ་བོར་དེ་འཐོབ་ཐུབ་པའི་ནུས་པ་ལྡན་པ་དང་། ཁྱེད་ཀྱི་ཆེད་དུ་ཡོད་ཚད་ཀྱི་ཡོད་ཚད་བློས་གཏོང་ཐུབ་པར་མ་ཟད། ཐ་ན་ཚེ་དང་སྲོག་ལའང་མི་འཛེམ་པར་བརྩེ་བའི་དམ་ཚིག་བརྟན་པོ་ཡིན་པ་བསྟན་ཡོད། ཟུར་དུ་ཤེས་དགོས་པ་ནི། ཆུང་འདྲིས་ཁྱོད་རང་ང་ལ་དུངས་བའི་དམ་ཚིག་འགྱུར་མེད་ཡིན་ན། ངས་ཀྱང་ཁྱོད་ལ་ཀུན་ལས་ལྷག་པའི་འཚོ་བ་ཞིག་བསྐྲུན་ཆོག་ཅེས་གོ་དོན་འགངས་ཆེ་བ་མང་པོ་ཞིག་ཟུར་དང་ཤུགས་ནས་ཤེས་དགོས་པ་ལྟ་བུ་དང་། “ཁྱོའི་གྱི་ལིང་གྱོ་རྒྱ་བྱ་རེད། །ང་འཕོང་ལ་ཞོག་དང་ཞོར་རེད། །”②ཅེས་པའི་གླུ་ཚིག་འདིར་ཐད་ཀར་གོ་བ་བླངས་ན་ང་ཁྱོའི་རྟ་འཕོང་ལ་ཞོག་ཅེས་པ་ཙམ་ཡིན་ལ། ཟུར་ནས་ཁྱོད་ནི་མི་བསོད་ནམས་དབང་ཐང་ཕུན་སུམ་ཚོགས་པ་ཡིན་པ་དང་། ཁྱོད་ཀྱི་གྱི་ལིང་རྟ་ཕོའང་བྱ་འཕུར་བ་ལྟར་དུ་འགྲོས་མགྱོགས་པས་ང་འཕོང་ལ་བཞག་ན། འུ་གཉིས་སུ་ལའང་མི་གནོད་པར་མཉམ་དུ་འགྲོ་ཆོག་ཅེས་བསྟན་པ་དང་། ཤུགས་ལ་ངེད་གཉིས་མི་ཚེའི་ལམ་བུ་འདི་ནས་མཉམ་འགྲོ་མཉམ་འདུག་གམ་ཡང་ན་བཟའ་ཟླ་བཟོ་ཆོག་གམ་ཞེས་པའི་གནད་ཆེ་བ་དག་ཅུང་ཙམ་གབ་པའི་ཚུལ་དུ་ལབ་པ་ནི། བོད་མི་རིགས་ཀྱི་སྐད་ཆའི་སྒྱུ་རྩལ་དང་བསམ་བློའི་འཁྱེར་ཕྱོགས་ངོ་མ་དེ་ཡིན་པས། འདི་ལྟ་བུའི་མི་རིགས་རང་གི་ཐུན་མོང་མ་ཡིན་པའི་ངག་རིག་སྒྱུ་རྩལ་དང་འཚོ་བའི་གོམས་གཤིས་སོགས་ལ་བྱང་ཆ་མེད་ཚེ། རྩོམ་ཡིག་དེར་མི་རིགས་རང་གི་བྲོ་བ་རྩད་ནས་མེད་པ་དཔེར་ན་དེང་སྐབས་ཀྱི་བསྒྱུར་རྩོམ་ལྟ་བུར་འགྱུར་བའི་ཉེན་ཁ་ཆེན་པོ་ཡོད་དོ། །

གསུམ་པ། ཡུལ་སྲོལ་གོམས་གཤིས་ལ་འདྲིས་ཆ་མེད་པའི་རྩོམ་ཡིག་གི་སྐྱོན་ཆ།

    རྩོམ་ཡིག་ནི་མིའི་བསམ་བློ་དང་མཛེས་དཔྱོད་ཀྱི་ཐོག་ནས་ཡོང་བ་ཡིན་པས། རྩོམ་ཡིག་ཚད་ལྡན་ཞིག་ཡིག་རིགས་གང་དུ་བསྒྱུར་ནའང་། མི་རིགས་ཀྱི་བསམ་བློའི་འཁྱེར་ཕྱོགས་དང་མཛེས་དཔྱོད་ཀྱི་ལྟ་བ་སོགས་ལས། མ་རྩོམ་དེ་མི་རིགས་གང་གི་རྩོམ་ཡིན་པ་གསལ་པོར་ཤེས་ཐུབ་པ་ལྟ་བུ་རེད། དཔེར་ན་སློབ་ཆུང་སློབ་མའི་སློབ་དེབ་ཏུ་བཀོད་ཡོད་པའི“ཞི་ལ་ཆུང་ཆུང་གིས་ཉ་བཟུང་བ”③ལྟ་བུའི་རྩོམ་ཡིག་དེ་བོད་ཡིག་ཏུ་བསྒྱུར་ཏེ་བོད་ཡིག་སློབ་དེབ་ཏུ་བཀོད་ཡོད་ཀྱང་། དེ་མི་རིགས་རང་གི་རྩོམ་མིན་པ་གསལ་པོ་ཤེས་ཐུབ་པ་རེད། ཞི་ལ་ཆུང་ཆུང་གི་བསམ་བློ་གཏང་ཕྱོགས་དང་རྩོམ་ཡིག་གི་མཛེས་དཔྱོད་ལྟ་བ་སོགས་ཕྱོགས་གང་ནས་བལྟས་ནའང་། ང་ཚོ་ཉ་བཟུང་བ་དེ་བཟང་བའི་གྲས་སུ་མི་བརྩི་བ་ཀུན་གྱིས་ཤེས་པ་བཞིན་ཡིན། རྩོམ་ཡིག་དེ་ནི་རིག་པ་བསྒྲིམས་ན་བྱ་བ་འགྲུབ་པ་དཔེ་ཡིས་སྒོ་ནས་བསྟན་པའི་རྩོམ་ཡིག་ཅིག་ཡིན་པས་སློབ་གསོའི་རིན་ཐང་ཆེ་ནའང་། བོད་པ་རང་གི་བསམ་བློ་གཏོང་ཕྱོགས་མིན་པ་ཀུན་གྱི་ཤེས་གསལ་ལྟ་བུའོ། །དཔེ་དེ་བཞིན་རྩོམ་རིག་བརྩམས་ཆོས་ཀྱི་ནང་དུ་ས་གནས་སམ་མི་རིགས་གང་དེའི་ཡུལ་སྲོལ་གོམས་གཤིས་དང་བསམ་བློའི་ལྟ་ཚུལ་སོགས་ཡོད་དགོས་པས། འདི་དག་མ་འཛོམས་ཚེ་རྩོམ་ཡིག་ལ་བྲོ་བ་མེད་པ་དང་རྩོམ་ཡིག་ལ་ཉེ་བར་མཁོ་བའི་སྲོག་ཤིང་ལྟ་བུ་དེའང་མེད་པའོ། །

བཞི་པ། རྩོམ་ཡིག་ལ་འཇུག་པའི་ཐབས་ལམ།

    ༡ མི་རིགས་རང་གི་ངག་རིག་སྒྱུ་རྩལ་ལ་བྱང་བ་བྱེད་པ།

    སློབ་ཆུང་སློབ་མ་ཞིག་ལ་ཆ་མཚོན་ན། ཧ་ཅང་འཐུས་ཚང་ལ་སྐྱོན་མེད་པའི་རྩོམ་ཡིག་ཅིག་ཡོང་བ་དཀའ་མོ་ཡིན་པ་རེད། ལྷག་པར་དུ་སློབ་དེབ་ཙམ་ལས་བོད་རང་གི་རིག་གནས་གཞན་དག་ལ་རྒྱུས་ལོན་བྱེད་པའི་གོ་སྐབས་མེད་པའམ་གོ་སྐབས་མ་སྤྲད་ཚེ། རྩོམ་ཡིག་ཡག་པོ་ཞིག་ཡོང་སའི་ཁུངས་མེད་པ་ལྟ་བུ་རེད། བོད་སྐད་ཡིག་གི་རྩོམ་ཡིག་ཅིག་འབྲི་བར་ཐབས་ལམ་བཟང་ཤོས་གཅིག་ནི། བོད་རང་གི་ངག་རིག་སྒྱུ་རྩལ་ཏེ་གཏམ་དཔེ་དང་གླུ་ཚིག །གབ་ཚིག་དང་གཏམ་རྒྱུད་སོགས་ལ་བྱང་བ་བྱ་རྒྱུ་དེ་ཡིན། གླུ་ཚིག་དང་གབ་ཚིག །གཏམ་རྒྱུན་དང་གཏམ་དཔེ་སོགས་ཀྱི་འགྲན་བསྡུར་སྤེལ་ནས། འཛིན་གྲྭ་དང་འཛིན་གྲྭའི་བར་གྱི་འགྲན་བསྡུར། སློབ་མ་དང་སློབ་མའི་བར་གྱི་འགྲན་བསྡུར་བརྒྱུད་ནས་རང་གི་སྲོལ་རྒྱུན་རིག་གནས་ལ་བྱང་ཆ་ཐོབ་པར་བྱས་ན། སློབ་མས་བྲིས་པའི་རྩོམ་གྱི་ཚིག་གི་ཉམས་དང་། དོན་གྱི་གོ་རིམ་སོགས་ལ་རང་ངོས་ནས་འཆར་གཞི་ཞིག་འཇོག་ཐུབ་པ་རེད། དེ་ལྟར་བཤད་ན་ཁྱེད་རྣམ་པས་སློབ་མས་རང་གི་འོས་བབ་ཀྱི་སློབ་དེབ་ཙམ་ཤེས་དཀའ་ན། གཞན་གཏམ་དཔེ་དང་གླུ་ཚིག་སོགས་ངག་རིག་སྒྱུ་རྩལ་དག་ཤེས་དཀའ་བར་སེམས་ན་དེ་འདྲ་མིན་ཏེ། འགྲན་རྩོད་གྱི་ཐབས་ལམ་འདི་བེད་སྤྱོད་བྱས་ན་སློབ་མ་རང་ཉིད་ལའང་རང་སྟོབས་ཀྱི་ནུས་པ་གཞན་ཞིག་ཡོད་པ་རེད། རང་མོས་རང་འཐད་ཀྱི་སྒོ་ནས་སློབ་སྦྱོང་བྱེད་པ་དང་ཕན་ཚུན་རྒྱལ་ཕམ་གྱི་རྩོད་པ་བྱས་ནས་ཤེས་པའི་ཤེས་བྱ་དག་ནི་གཅིག་ནས་ཤེས་སླ་ལ་གཉིས་ནས་བརྗེད་དཀའ་བའི་ནུས་པ་ལྡན་པས། ང་ཚོས་བསམ་བློ་བཏང་ནས་ཉེ་ལམ་དུ་སྐྱོད་པའི་ཐབས་འཚོལ་བ་ནི་ཧ་ཅང་འགངས་ཆེན་ཡིན་ནོ། །

    ༢ རྩོམ་ཡིག་མ་བྲིས་གོང་ནས་ས་བཅད་དབྱེ་མཚམས་འཇོག་པ།

    རྩོམ་ཡིག་མ་བྲིས་གོང་ནས་ས་བཅད་ཡག་པོ་ཞིག་དབྱེ་ཐུབ་ན་རྩོམ་ཡིག་འབྲི་བའི་སྐབས་སུ་ནང་དོན་འགའ་རེ་བརྗེད་པ་དང་། ནང་དོན་བསྐྱར་ཟློས་བྱེད་པ། དོན་གྱི་སྒྲིག་རིམ་ལ་སྐྱོན་བྱུང་བ་སོགས་སློབ་ཆུང་སློབ་མའི་རྩོམ་ཡིག་ལ་རྒྱུན་དུ་འབྱུང་སྲིད་པའི་གནད་དོན་མང་པོ་ཞིག་དང་གཡོལ་ཐུབ་པ་རེད། དཔེར་ན། བདག་གི་དགེ་རྒན་ལྟ་བུའི་རྩོམ་ཐུང་ཞིག་འབྲི་དགོས་ན་ཐོག་མར་ཁ་བྱང་དེ་གཏན་ཁེལ་བྱས་རྗེས། ས་བཅད་དང་པོར་དགེ་རྒན་དེའི་ཕྱིའི་རྣམ་པ་དང་། ས་བཅད་གཉིས་པར་དགེ་རྒན་དེའི་དུས་རྒྱུན་གྱི་སྤྱོད་ལམ། ས་བཅད་གསུམ་པར་དགེ་རྒན་གྱིས་སློབ་མ་སྐྱོང་སྟངས། ད་དུང་དགོས་ན་དགེ་རྒན་དང་སློབ་མ་རང་ཉིད་བར་གྱི་གཏམ་རྒྱུད་དང་རང་གིས་དགེ་རྒན་ལ་བཟུང་བའི་ལྟ་ཚུལ་སོགས། རྩོམ་ཡིག་གི་ནང་དོན་མ་བྲིས་གོང་ནས་ས་བཅད་དག་གསལ་པོར་དབྱེ་ཐུབ་ན་ད་གཟོད་རྩོམ་ཡིག་དེ་ཚད་དང་ལྡན་པ་ཞིག་ཏུ་གྱུར་བ་རེད། དེའང་དང་པོ་དགེ་རྒན་རང་གི་སྒོ་སམ་དུ་ས་བཅད་དེ་དག་གསལ་པོར་བཀོད་ནས་སློབ་མ་ཚོར་གོ་རིམ་དེ་ལ་བརྟེན་ནས་ནང་དོན་འབྲི་རུ་འཇུག་པ་དང་། སྦྱངས་བ་སོང་རྗེས་སུ་སློབ་མ་རང་ཉིད་ལ་རང་སྟོབས་ཀྱི་ས་བཅད་དབྱེ་མཚམས་བཀོད་དུ་འཇུག་པ། སློབ་མས་རང་སྟོབས་ཀྱིས་ས་བཅད་དེ་དག་དབྱེ་ཐུབ་པ་བྱུང་རྗེས། དཔེར་ན་གོང་གི་ས་བཅད་དང་པོ་ལྟ་བུ་ལ་ནང་གསེས་ཀྱི་དབྱེ་བ་འབྱེད་པ་དང་དེ་ལའང་དབྱེ་བ་དགོས་ན་དབྱེ་བ་འབྱེད་ནས་འགྲོ་བ་སོགས་རིགས་འགྲེས་སུ་སྦྱར་ན། བསམ་བློའི་ན་མ་སྨིན་པའི་སློབ་ཆུང་སློབ་མ་དག་གི་རིག་པ་མི་འཆལ་བ་དང་བསམ་བློ་གནད་དུ་ཁེལ་ཐུབ་པ་སོགས་དགོས་པ་ཆེན་པོ་ཡོད་དོ། །

    ༣ སྒྲོམ་བརྙན་ནམ་གློག་རྡུལ་ཁྲིད་ཆས་ལ་བརྟེན་པ།

    སྒྲོམ་བརྙན་ནམ་གློག་རྡུལ་ཁྲིད་ཆས་ནི་སློབ་མ་ཆུང་ཆུང་ཚོའི་སེམས་པ་འགུག་བྱེད་དང་། རི་མོར་བལྟས་ནས་དངོས་པོ་ངོས་འཛིན་བྱེད་པར་ཧ་ཅང་མཁོ་དགོས་ཆེ་བའི་ཁྲིད་ཆས་ཤིག་ཡིན་པར་མ་ཟད། རྩོམ་ཡིག་སྦྱང་བ་ལའང་ཉེ་བར་མཁོ་བའི་ཐབས་ལམ་ཞིག་ཡིན། དཔེར་ན་བདག་གི་ཕ་ཡུལ་ལྟ་བུའི་ཡུལ་ལྗོངས་འབྲི་བའི་རྩོམ་ཡིག་ཅིག་ཡིན་ན། ཐོག་མར་དགེ་རྒན་རང་ཉིད་ཀྱིས་རང་གི་ཕ་ཡུལ་ལྟ་བུའི་ཡུལ་ལྗོངས་ཡིད་དུ་འོང་བ་ཞིག་འདེམས་དགོས་ལ། དེ་ལས་ཡུལ་ལྗོངས་ལ་ཞིབ་ལྟ་བྱེད་པའི་གོ་རིམ་བསྒྲིག་དགོས། གོ་རིམ་ནི་རྒྱང་ནས་ཉེ་སར་ཡོང་བ་དང་ཡང་ན། ཉེ་ས་ནས་ཕར་ཕར་ཁ་ཐག་ཇེ་རིང་ནས་ཇེ་རིང་དུ་ཞིབ་ལྟ་བྱེད་པའི་གོ་རིམ་བསྒྲིག་དགོས་པས། དགེ་རྒན་གྱི་སྒྲོམ་བརྙན་སྒྲིག་བཟོ་བྱེད་དུས་སུ་གོ་རིམ་གང་བདམས་པ་དེ་ལྟར་དུ་སྒྲིག་བཟོ་བྱ་དགོས། དཔེར་ན། ཡུལ་ལྗོངས་གང་དེར་ཁ་ཐག་རིང་ས་ནས་ཚུར་ཚུར་ཁ་ཐག་ཉེ་སར་ཡོང་བ་ཡིན་ན། ཐོག་མར་ནམ་མཁའ་དང་སྤྲིན་དཀར་སོགས་ཁ་ཐག་ཆེས་རིང་བའི་རི་མོ་དེ་རྐྱང་པ་སློབ་མ་ཚོར་བསྟན་ནས། རི་མོ་དེ་ལ་སྙན་ཞིང་འཇེབས་པའི་ཚིག་གིས་མཚོན་པར་བྱེད་པ་དང་། རྒྱན་ཚིག་དང་དཔེ་སོགས་འོས་འཚམས་མིན་ཚེ་ཐད་ཀར་དགེ་རྒན་གྱིས་ཡོ་བ་བསྲངས་ནས་ཚིག་ལེགས་པ་རེ་གཉིས་འབྲི་རུ་འཇུག་པ་དང་། དེ་ནས་དེ་དང་ཁ་ཐག་ཅུང་ཉེ་བའི་གངས་རི་དང་རྫ་རི་གང་ཡོད་སྒྲོམ་བརྙན་ལ་འཆར་དུ་བཅུག་ནས་དེར་ཚིག་རྐང་འགའ་རེ་འབྲི་བ། དེ་ནས་དེ་ལས་ཀྱང་ཁ་ཐག་ཉེ་བའི་སྤང་རི་དང་རྩྭ་ཐང་སྒྲོམ་བརྙན་ལ་འཆར་དུ་བཅུག་ནས་དེར་ཚིག་རྐང་འགའ་རེ་འབྲི་བ། དེ་ནས་རྩྭ་ཐང་སྟེང་དུ་ཡོད་པའི་སྦྲ་གུར་དང་ནོར་ལུག་གི་རི་མོ་བསྟན་ནས་བྲིས་ན་གཅིག་ནས་སློབ་མ་ཚོས་ཡུལ་ལྗོངས་ལ་ཞིབ་ལྟ་བྱེད་པའི་གོ་རིམ་དེ་སེམས་ནང་དུ་ཉར་ཚགས་ཐུབ་པ་དང་། གཉིས་ནས་རྩོམ་འབྲི་སྐབས་གང་ནས་མགོ་རྩོམ་དགོས་མི་ཤེས་པ་སོགས་སློབ་ཆུང་སློབ་མ་དག་རྒྱུན་དུ་འཕྲད་པའི་དཀའ་ཁག་དག་རང་བཞིན་གྱིས་སེལ་ཐུབ་པ་རེད། ཐབས་ལམ་འདི་ནི་ཡུལ་ལྗོངས་རྐྱང་པ་ཙམ་མ་ཡིན་པར་དོན་དག་ཅིག་ཞིབ་འབྲི་བྱ་དགོས་ནའང་དུས་ཚོད་ཀྱི་གོ་རིམ་བསྒྲིགས་ཏེ་འབྲི་བ་དང་། དེ་བཞིན་མི་སྣ་དང་སྲོག་ཆགས་གཞན་དག་འབྲི་བ་ལའང་གོང་བཞིན་གོ་རིམ་ངེས་ཅན་ཞིག་བསྒྲིགས་ནས་བྲིས་ན་ད་གཟོད་རྩོམ་ཡིག་ཆ་ཚང་ལ་འཐུས་མ་ཤོར་བ་ཞིག་ཡོང་ངེས་སོ། །

    ལྔ་པ། དགེ་རྒན་གྱིས་སློབ་མར་རྒྱུས་ལོན་བྱ་དགོས།(ཟུར་བཀོད།)

    དགེ་རྒན་ཞིག་ཡིན་ན་ཐོག་མར་རང་གི་སློབ་མ་རེ་རེ་ལ་རྒྱུས་ལོན་བྱ་དགོས། དཔེར་ན། སློབ་མའི་བསམ་ཚུལ་ཅི་འདྲ་ཡིན་པ་དང་། རྩོམ་འབྲི་བར་མོས་པ་ཡོད་མེད་སོགས་ཞིབ་ཏུ་བརྟགས་ནས། སློབ་མའི་སེམས་འགུག་པར་བྱེད་པའམ་ཡང་ན་སློབ་མ་དེ་དགེ་རྒན་རང་ལ་དགའ་དུངས་ཡོད་པའི་འདུ་ཤེས་ཆགས་པར་བྱ་དགོས། དེ་ནས་དགེ་རྒན་གྱིས་སློབ་མས་རིག་ས་ནས་རང་གི་སྤྱོད་ལམ་ལ་ཧ་ཅང་གཟབ་དགོས། བྱིས་པ་ཆུང་ཆུང་དག་ནི་རིག་པ་སྤྱང་གྲུང་འཛོམས་ལ། གང་བསླབས་སེམས་ནས་མི་བརྗེད་པའི་ནུས་པ་ཡོད་པ་རེད། སློབ་མ་ཚོས་དགེ་རྒན་གྱིས་བསླབ་པའི་ཤེས་བྱ་སྦྱོང་བ་དང་། དགེ་རྒན་དེའི་དུས་རྒྱུན་གྱི་འགྲོ་འདུག་སྤྱོད་གསུམ་སོགས་ལའང་ལད་ཟློས་བྱེད་པ་རེད། ཏུན་ཧོང་གནའ་ཡིག་གི་ཕུ་བོས་ནུ་བོར་བཏམས་ཤིང་བསྟན་པའི་མདོ་ཞེས་པའི་དྲི་བ་༥༣པར“ནུ་ན་རེ། །ཤེས་པ་ཆི་ལྟ་བ། །ཕུ་ན་རེ། །ཡོངས་ནི། །མ་བསྟན་པར་ཤེས་པ་དང་། མ་བསླབས་པར་ལོབས་པ་མྱེདེ། །འཛངས་པ་ཆི་ཡང་ཤེས་པ་ཡང་། །བསླབ་པ་ལ་ནི་འགྲུས། །བསྟན་པ་ལ་ནི་ཉན། །ལེགས་པ་ལ་ནི། དགྲ་ལ་ཡོད་གྱང་ལེན། །ཉེས་པ་ལ་ནི། །བདག་ལ་ཡོད་གྱང་འདོར། །དྲང་པོར་སྟོན་པ་ནི་གཤེ་ཡང་དགའོ། །ལོག་པར་སྟོན་པ་ནི། །བྱམས་གྱང་སྤང་དོ་། །དེ་ལྟ་བས་ན། །ཕ་མ་རྒན། རབས་གྱིས་གྱང་། །བུ་ཚ་གཞོནུ་ནི། །ཤེས་པའི་ཞོ་ཤ་ཁོང་ན་མ་ལུས། །བསླབ་ཆིང་སྦྱང་བ་ལ། །ཆེད་ཆེ་བ་མྱེད་དོ། །དེ་ལྟ་བས་ན། །ངན་ཡང་འབྲིང་པོར་འོང་ན། །འཛངས་པ་ལྟ་སྨོས་གྱང་ཆི་དགོས། །སྙིང་རྒྱུ་ཁོང་ན་ཡོད་གྱང་། །མ་བསྟན་མ་བསླབས། །ཆིང་མ་སྦྱངས་ན། །འཛངས་པ་ལྟ་འབྲིང་པོར་འོང་ན། །ངན་པ་ལྟ་སྨོས་གྱང་ཆི་དགོས། །དེ་ལྟ་བས་ན། །སླབ་པ་ཆེད་ཆེ་བར་མངོན་ནོ། །བུས་བ་གཞོ་ནུ། རྩེ་བའི་གོར། །ཡིག་རྩིས་ལ་སྩོགས་པ། །འཛངས་གྱི་སྣོད་དུ་འགྲོ་བ་དང་། །ཕོང་རྩལ་ལ་སྩོགས་པ། །དཔའ་བའྀ་སྣོན་དུ་འགྲོ་ན། །ལོབ་པར་བསླབས་པའི་རིགསོ། །ཡུན་དུ་ཕན་བ་ནི། དཀའ་ཡང་བསླབ། །ཡུན་དུ་གནོད་པ་ནི། །དད་གྱང་བཏང་ན་ཕྲལ་གྱི་ལྟ་ཆི་སྨོས། བདགི་བུ་ཚ་བསླབ་པ་ཡང་། །དང་པོ་ནི། སུ་བདག་ལ་བྱམས་ཤིང་འཛངས་བའི་གན་དུ་བཞག་སྟེ་བསླབ་ཆིང་དབྱིང་ངོ་། །དེ་ནས་བློན་པོ་ཆེ་ཞིང་དབུལ་བའྀ་གན་དུ་བཞག་ཆིང་བསླབ་སྟེ་དབྱིང་ངོ་། །དེ་ནས། རུང་ཡང་དག་ན། གྲགས་པའྀ་ས་གར་ཆེ་སར་བཞགོ། །གཞུང་མྱེད་ན། །ཆེ་ཞིང་མཐོ་ཡང་། །དེའི་གན་དུ་མྱི་བཞགོ །གཞོན་སྐྱེས་སྟེན་ལས། །རྫུ་བ་མང་གིས། །མྱི་ལོག་པ་ལ་སྲེད་པ་རྣམས་དང་། སྟེན་ཆིང་མཛར་མྱི་གཞུགོ །དེའི་དོན་ནི། གཅུང་པོས་དྲིས་པ། ཡོན་ཏན་ཤེས་པ་ཞིག་ཇི་ལྟར་བྱའམ། གཅེན་པོའི་ལན་དུ། སྤྱིར་ན་མ་བསྟན་པར་ཤེས་པ་དང་། མ་བསླབས་པར་ལོབས་པ་ཞིག་མེད་དེ། མཁས་པ་གང་ཡང་ཤེས་པ་རྣམས་ཀྱང་བསླབ་པ་ལ་ནི་བརྩོན་ཞིང་འགྲུས། བསྟན་པ་ལ་ནི་ཉན། ལེགས་པ་ནི་དགྲ་ལ་ཡོད་ཀྱང་ལེན། ཉེས་པ་ནི་རང་ལ་ཡོད་ཀྱང་འདོར། དྲང་པོར་སྟོན་མཁན་ལ་ནི་གཤེ་གཤེ་བཏང་ཡང་དགའ་ཞིང་། ལོག་པར་སྟོན་མཁན་ནི་བྱམས་ཀྱང་སྤངས་པ་བཅས་ལས་བྱུང་ངོ་། །དེ་ལྟར་ཡིན་པས་ན་ཕ་མ་དང་ཕུ་ནུ་རྒན་རབས་རྣམས་ཀྱིས་ཀྱང་། བུ་ཚ་གཞོན་ནུ་རྣམས་ལ་ཤེས་བྱའི་རིགས་རང་ནུས་གང་ཡོད་ཁོང་ན་མ་ལུས་པར་སློབ་ཅིང་སྦྱོང་བ་ལས་གལ་ཆེ་བ་མེད་དོ། །དེ་ལྟར་བྱས་ན་བྱིས་པ་གླེན་པ་ཡང་འབྲིང་པོར་ཆགས་ཐུབ་ན། །རིག་པ་ཅན་ལྟ་སྨོས་ཀྱང་ཅི་དགོས། གློ་སྙིང་ཁོང་ན་ཚང་ཡང་མ་བསྟན་མ་བསླབས་ཤིང་། མ་སྦྱངས་བ་ཡིན་ན་བྱིས་པ་རིག་པ་ཅན་ཡང་འབྲིང་པོ་ཙམ་ལས་མི་ཡོང་བས་ན། གླེན་པ་རྣམས་ལྟ་བཤད་ཅི་དགོས། དེ་ལྟར་དཔག་ན་སློབ་སྦྱོང་གི་གལ་ཤིན་ཏུ་ཆེ་བར་མངོན་ནོ། །བྱིས་པ་ལོ་ཆུང་རྩེད་དགར་རོལ་བའི་སྐབས་ནས། ཡིག་རྩིས་ལ་སོགས་པ་སློབ་པ་ནི་མཛངས་བའི་ཁ་གསབ་ཏུ་འགྲོ་བ་དང་། ཕོང་རྩལ་ལ་སོགས་པ་སློབ་པ་ཡང་དཔའ་བའི་ཁ་སྣོན་དུ་འགྲོ་བ་ཡིན་པས་བྱང་བར་སློབ་པའི་རིགས་སོ། །རྟག་ཏུ་ཕན་པའི་རིགས་ནི་དཀའ་ངལ་ཆེན་ཡང་བསླབ་པར་བྱ་ཞིང་། རྟག་ཏུ་གནོད་པའི་རིགས་ནི་དད་ཀྱང་སྤོང་བར་བྱས་ན་འཕྲལ་གྱི་ཕན་གནོད་ནི་ལྟ་ཅི་སྨོས། རང་གི་བུ་ཚ་བསླབ་པའི་རིམ་པ་ལའང་། དང་པོ་ནི་སུ་ཞིག་རང་ལ་སྙིང་ཉེ་ཞིང་ཡོན་ཏན་ཡོད་པའི་དྲུང་དུ་བཞག་ནས་བསླབས་ཤིང་སྦྱོང་བར་བྱའོ། །དེ་ནས་བློན་པོ་ཆེ་ཞིང་དབུལ་བ་ཞིག་གི་དྲུང་དུ་བཞག་སྟེ་བསླབས་ཤིང་སྦྱོང་བར་བྱའོ། །དེ་ནས་ལེགས་པར་ཐོན་ན་སྙན་པའི་གྲགས་པ་གང་དུ་ཆེ་བའི་སར་འཇོག་གོ །ཡང་དག་པའི་གཞུང་མེད་ན་ཆེ་ཞིང་མཐོ་ཡང་མི་དེ་ལྟ་བུའི་དྲུང་དུ་མི་འཇོག་གོ །གཞོན་སྐྱེས་ཀྱིས་བསྟེན་པ་ལས་མི་རྫི་བག་ཅན་འཕྲད་པ་མང་བས། མི་ཚུལ་མིན་ངན་སྤྱོད་ལ་སྲེད་པ་དག་བསྟེན་པའམ་མཛའ་བར་ཡང་བྱེད་དུ་མི་འཇུག་གོ། །”④(དཔེ་རྙིང་འདི་ནི་ལོ་ངོ་གཅིག་སྟོང་ལྷག་གི་རིང་ལ་བྱེ་མའི་འོག་ཏུ་བསྡད་པའི་གནའ་བོའི་བོད་མི་རང་གི་བསམ་བློ་དག་མ། ནང་བསྟན་སོགས་ཕྱི་ནས་ཡོང་བའི་རིག་གཞུང་གཅིག་ཀྱང་ལྷད་མ་ཞུགས་པར་གནས་པ་དང་། སློབ་སྦྱོང་གི་གོ་རིམ་དང་བསམ་བློའི་སློབ་གསོ་སོགས་དུ་རབས་གསར་པའི་སློབ་གསོའི་ཁ་ཕྱོགས་དང་མཐུན་པས། འདིར་དྲིས་ལན་ཧྲིལ་པོ་ཞིག་ཕྱོགས་གཅིག་ཏུ་བཀོད་པ་ཡིན། ཡིན་ནའང་ཚིག་རྐང་རེ་གཉིས་སྐབས་བསྟུན་བརྗོད་བྱ་དང་མི་འབྲེལ་སྙམ་པ་དང་། ཚིག་རྐང་འགའ་རེ་མཚམས་འདིར་འཚམ་པོ་མི་འདུག་སོགས་འདོད་སྲིད་ཀྱང་། དྲིས་ལན་གཅིག་གི་ཚིག་རྐང་རེ་གཉིས་བཅད་གཏུབ་བྱས་ནས་གོང་འོག་གི་བར་མཚམས་གང་སར་བཀོད་ན་གནའ་ཡིག་གི་གོ་བ་མི་ལོན་པ་སོགས་ཀྱི་དཀའ་ཁག་ཡོད་པས། འདིར་ཀློག་པ་པོ་རྣམས་ལ་སྟབས་བདེ་ཡོང་ཆེད་ཡོད་ཚད་ཕྱོགས་གཅིག་ཏུ་དྲངས་པ་ཡིན། )

    དྲུག་པ། མཇུག་གི་དོན།

    དེ་བཞིན་དགེ་རྒན་གྱི་སློབ་ཁྲིད་ཀྱི་སྐབས་སུ་གབ་ཚིག་འཇོག་པ་དང་། གཏམ་དཔེ་དང་གནའ་གཏམ་བཤད་པ། དམངས་ཁྲོད་གླུ་ཚིག་སོགས་བཀོལ་ནས་སློབ་ཁྲིད་བྱེད་པ་དང་། སློབ་ཁྲིད་ཀྱི་སྐབས་སུ་ཡང་སློབ་མ་ཚོར་གཏམ་བཤད་བྱེད་དུ་འཇུག་པ་དང་གབ་ཚིག་བཞག་ནས་རིག་པ་འགྲན་བསྡུར་བྱེད་པ་སོགས་བརྒྱུད་ནས་སློབ་མར་མིང་ཚིག་ཐ་སྙད་མང་པོ་ཤེས་པར་བྱེད་པ་དང་། གཏམ་བཤད་བྱེད་པར་བྱང་ཆ་ཐོབ་ཏུ་འཇུག་པ་སོགས་ནི་རྩོམ་ཡིག་འབྲི་སྦྱོང་བྱེད་པའི་ལག་ཆ་གལ་ཆེན་ཞིག་ཡིན། སློབ་ཚན་ཞིག་ཁྲིད་པའི་སྐབས་སུའང་སློབ་ཚན་དེའི་ཚན་པ་རེ་རེར་བསྡོམས་བརྒྱབ་ནས་ཚན་པ་རེ་རེའི་བརྗོད་དོན་སྒོ་སམ་དུ་འབྲི་བ། སྒྲོམ་བརྙན་ལས་ཚན་པ་རེ་རེའི་བརྗོད་དོན་གྱི་རི་མོ་བསྟན་ནས་སྤྱི་སྡོམ་བྱེད་པའི་ཐབས་ལམ་ནི། གཞན་ལ་བལྟས་ནས་རང་ཉིད་གོམས་པའི་ཐབས་ལམ་ཞིག་ཡིན་པས། ཁོ་བོས་བཤད་པའི་ཐབས་ལམ་འདི་དག་ནི་རང་ཉིད་ཀྱིས་ལོ་བཅུ་གཉིས་ཙམ་ལ་སློབ་མ་བསྐྱངས་བའི་ཉམས་མྱོང་དང་། ཞོར་དུ་དཔེ་ཀློག་ཕྲན་བུ་བྱས་པའི་སྤྱི་སྡོམ། རྒན་པ་ཉམས་མྱོང་ཅན་འགའ་རེར་བཅར་འདྲི་བྱས་པ་སོགས་ཀྱི་རྒྱུ་གསུམ་ལ་བརྟེན་ནས་བྲིས་པས། ཐབས་ལམ་འདི་དག་ཀྱང་དགེ་རྒན་ཚོའི་རྡུགས་ཐུག་ཐབས་ཟད་ཀྱི་གདམས་ཁ་རྐྱང་པ་ནི་མ་ཡིན་སྙམ་མོ། །

དཔྱད་གཞིའི་ཡིག་ཆ།

①དམངས་ཁྲོད་གླུ་ཚིག

②དམངས་ཁྲོད་གླུ་ཚིག

③ལོ་རིམ་གཉིས་པའི་སྐད་ཡིག་སྨད་ཆའི་སློབ་ཚན། ༢༠༠༦ལོའི་ལྗོངས་ཞིང་ལྔའི་སློབ་དེབ།

④ཆབ་སྤེལ་ཚེ་བརྟན་ཕུན་ཚོགས་ཀྱི་དཔྱད་རྩོམ་ཕྱོགས་བསྒྲིགས་སྨད་ཆ། ཀྲུང་གོ་བོད་རིག་པ་དཔེ་སྐྲུན་ཁང་གི་པར་མའི་ཤོག་ངོས་37དང་38པར་གསལ།



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1