༄༅།།བསྟོད་ཚིགས་ཚངས་པའི་དབྱངས་ཀྱི་མགུལ་རྒྱན།།

དབང་ཆེན། རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས།ངེད་དྲ་བ་ལས་དྲངས། སྤེལ་དུས། 12-04


གཙང་གསུམ་འབབ་ལྡན་དགའ་མའི་དྭངས་བཅུད་ཀུན། །

གཅིག་ཏུ་འདྲེན་པའི་རྣམ་དཔྱོད་དཔའ་མངའ་བའི། །

རིན་ཆེན་ཐང་མར་བརྡར་བའི་ལྔ་རིག་པ།།

དུས་ཀྱི་ཕོ་ཉ་ལུང་རི་སྨན་སྐྱབས་ཞེས།།

ངེས་དོན་མཚན་སྙན་གྲགས་པའི་དབྱར་སྐྱེས་རྔ། །

སྲིད་པ་གངས་ཀྱི་ར་བའི་ཁྱོན་ལྡིར་ནས། །

རྩོམ་རིག་མདོངས་མཐའི་ཟ་འོག་རྣམ་བཀྲའི་མདངས། །

བློ་ལྡན་དགྱེས་པའི་མིག་གིས་དགའ་སྟོན་སྤེལ། །

རྣམ་རིག་དྭངས་མའི་རྩལ་ལས་མཆེད་པའི་མེས། །

ལོག་རྟོག་མུན་པའི་ཚང་ཚིང་གཏན་བཅོམ་ནས། །

ཤེས་བྱའི་དཀྱིལ་འཁོར་གཅིག་ཏུ་ཟླུམ་པ་ཡིས། །

ལོ་རྒྱུས་སྨྲ་བའི་ལྗགས་བཟང་པདྨོ་བཞད། །

གང་གི་མཁྱེན་དཔྱོད་ཉིན་མོ་བྱེད་པའི་གཟིས། །

སྲོལ་རྒྱུན་རིག་པའི་གངས་ལྷ་མེ་ཏོག་ཡང་། །

སླར་ཡང་རངས་བའི་འཛུམ་དཀར་འཕྲོ་གྱུར་ནས།།

ངོ་མཚར་ཕུན་ཚོགས་སྟོང་གིས་དཔལ་དུ་བཞད། །

འདི་ནས་དུས་གསུམ་འབད་པའི་ལས་རྣམས་ཀུན།།

དགེ་ལེགས་ཡོན་ཏན་བྱེ་བའི་དཔལ་གྱུར་ཏེ། །

བདེན་དོན་རྟེན་འབྲེལ་ཟབ་མོའི་སྙན་ཚིག་འདིས། །

སྐལ་བཟང་ཁྱེད་ལ་ཤིས་པའི་མེ་ཏོག་ཕུལ།།

ཞེས་པ་ནི་དབང་ཆེན་གྱིས་ཚིགས་བཅད་དུ་སྡེབ་པའོ།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1