རྒྱལ་ཡོངས་གྲངས་ཉུང་མི་རིགས་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་སྐབས་བཅུ་གཉིས་པ་ཧའེ་ནན་ཞིང་ཆེན་སན་ཡ་གྲོང་ཁྱེར་དུ་མཇུག་བསྒྲིལ།

རྩོམ་སྒྲིག་པ། ཚུལ་ཁྲིམས་བཟང་པོ། ཡོང་ཁུངས། ཁམས་པའི་བརྙན་འཕྲིན་ཁང་། སྤེལ་དུས། 12-02


སྤྱི་ཟླ་11པའི་ཚེས་30ཉིན། རྒྱལ་ཡོངས་གྲངས་ཉུང་མི་རིགས་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་སྐབས་བཅུ་གཉིས་པ་ཧའེ་ནན་ཞིང་ཆེན་སན་ཡ་གྲོང་ཁྱེར་དུ་མཇུག་བསྒྲིལ། རྒྱལ་དོན་ཨུ་ཡོན་ཧྲིན་དབྱི་ཆིན་མཇུག་སྒྲིལ་མཛད་སྒོར་ཞུགས་པར་མ་ཟད། ལུས་རྩལ་འགྲན་ཚོགས་མཇུག་སྒྲིལ་བ་ཁྱབ་བསྒྲགས་བྱས།

དགོང་མོའི་ཆུ་ཚོད་བརྒྱད་ཐོག །རྒྱལ་ཡོངས་གྲངས་ཉུང་མི་རིགས་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་སྐབས་བཅུ་གཉིས་པའི་མཇུག་སྒྲིལ་མཛད་སྒོ་སན་ཡ་གྲོང་ཁྱེར་ལུས་རྩལ་ལྟེ་གནས་སུ་འཚོགས། རྒྱལ་ཡོངས་ས་གནས་ཁག་ནས་ཕེབས་པའི་མི་རིགས་ཁག་གི་ལུས་རྩལ་པ་དང་རྩལ་འཁྲིད་པ། སྐུ་མགྲོན་བཅས་ཀྱིས་དགའ་སྤྲོ་དང་འཆམ་མཐུན་གྱིས་མཉམ་དུ་སྐབས་འདིའི་ལུས་རྩལ་འགྲན་ཚོགས་ལེགས་འགྲུབ་བྱུང་བར་དགའ་སྟོན་རྟེན་འབྲེལ་ཞུས། མཇུག་སྒྲིལ་མཛད་སྒོ་དེ་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་གཞོན་པ། རྒྱལ་ཁབ་མི་རིགས་ལས་དོན་ཨུ་ལྷན་གྱི་ཀྲུའུ་རེན་ཕན་ཡའེ་ཡིས་གཙོ་སྐྱོང་གནང་བ་དང་། རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུས་ཀྱི་ཅུས་ཀྲང་ཀའོ་ཀྲི་ཏན་གྱིས་མཇུག་སྒྲིལ་གསུང་བཤད་གནང་བ་རེད།

འཐུས་མི་ཚོགས་པ་ཁག་ཚོགས་རར་ཞུགས་རྗེས། ཚོགས་ཆེན་ཐོག་རྒྱལ་ཡོངས་གྲངས་ཉུང་མི་རིགས་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་སྐབས་བཅུ་གཉིས་པའི་ལུས་རྩལ་ཀུན་སྤྱོད་ཡ་རབས་བྱ་དགའ་ཐོབ་པའི་སྐུ་ཚབ་ཚོགས་པའི་མིང་ཐོ་བསྒྲགས་པ་རེད། མི་རིགས་ང་དྲུག་གི་སྐུ་ཚབ་ཀྱིས་ལུས་རྩལ་འགྲན་ཚོགས་ལ་དཀའ་སྤྱད་ཞབས་འདེགས་ཞུ་མཁན་གྱི་དང་བླངས་པའི་སྐུ་ཚབ་ཚོར་མེ་ཏོག་ཕུལ་བ་རེད།

མཇུག་སྒྲིལ་མཛད་སྒོའི་སྟེང་ད་དུང་རྒྱལ་ཡོངས་གྲངས་ཉུང་མི་རིགས་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་ཀྱི་དར་ཆ་སྤྲོད་ལེན་མཛད་སྒོ་སྤེལ། རྒྱལ་ཡོངས་གྲངས་ཉུང་མི་རིགས་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་སྐབས་བཅུ་གསུམ་པ་2027ལོར་ཧུའུ་ནན་ཞིང་ཆེན་དུ་སྤེལ་རྒྱུ་རྒྱུ་རེད། དེ་རྗེས་བསམ་པའི་ཁྱིམ་གཞིས་མཉམ་སྐྲུན་ཞེས་པ་བརྗོད་དོན་གཙོ་བོར་བྱས་པའི་རིག་རྩལ་འཁྲབ་སྟོན་བྱས།

སྐབས་འདིའི་ལུས་རྩལ་འགྲན་ཚོགས་ལ་ཁྱོན་བསྡོམས་རྒྱལ་ཡོངས་ཀྱི་ཞིང་ཆེན་དང་རང་སྐྱོང་ལྗོངས་དང་ཐད་སྐྱོང་གྲོང་ཁྱེར་ཁག་དང་། ཞིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དཔུང་ཚོགས་ཀྱི་སྐུ་ཚབ་ཚོགས་པ་དང་། ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁོངས་དང་ཨའོ་མོན་དམིགས་བསལ་སྲིད་འཛིན་ས་ཁོམས་ཀྱི་སྐུ་ཚབ་ཚོགས་པ། ཐའེ་ཝན་གྲངས་ཉུང་མི་རིགས་ཀྱི་སྐུ་ཚབ་ཚོགས་པ་བཅས་ཀྱི་ལུས་རྩལ་པ་6960ཡོད་པ་དང་། འགྲན་བསྡུར་རྣམ་གྲངས་བཅོ་བརྒྱད་དང་འཁྲབ་སྟོན་རྣམ་གྲངས་རིགས་3ལ་ཞུགས་ཡོད། རྒྱལ་ནང་གི་ཕྱོགས་བསྡུས་རང་བཞིན་གྱི་ལུས་རྩལ་འགྲན་བསྡུར་ཁྲོད་ཐེངས་དང་པོར་ས་ཁུལ་སོ་སོའི་སྐུ་ཚབ་ཚོགས་པ་གཞི་གཅིག་ཏུ་འཛོམས་པ་རེད།

ལུས་རྩལ་འགྲན་ཚོགས་རིང་ད་དུང་ལྟ་སྐོར་དང་རྟོག་ཞིབ་བྱས་ཤིང་། མི་རིགས་མཉམ་སྤྲོའི་བྱེད་སྒོ་ཆེན་པོ་སྤེལ། ཀྲུང་གོའི་གྲངས་ཉུང་མི་རིགས་སྲོལ་རྒྱུན་ལུས་རྩལ་རིག་གནས་འགྲེམས་སྟོན་དང་། ཧའེ་ནན་ཁྱོན་ཡོངས་ནས་བསྒྱུར་བཅོས་སྒོ་འབྱེད་ཟབ་སྤེལ་དང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་རང་མོས་ཉོ་ཚོང་གྲུ་ཁ་འཛུགས་སྐྲུན་གྲུབ་འབྲས་འགྲེམས་སྟོན་སོགས་སྤེལ་བ་རེད། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1