ཞི་ཅིན་ཕིང་གི་རིག་གནས་བསམ་བློ་དང་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ། ཞིང་ཆེན་ཏང་ཨུའི་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ། དཀར་མཛེས་ཁུལ་ཨུའི་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པའི་དགོངས་དོན་བཅས་ལག་བསྟར་གཏིང་ཟབ་བྱས་ཏེ། རིག་གནས་ཡིད་རྟོན་བྱེད་པ་ལ་ཀྲུང་གོའི་དཀར་མཛེས་ཁུལ་ཨུའི་དྲིལ་བསྒྲགས་པུའུ་དང་དཀར་མཛེས་ཁུལ་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ཐོག་2024ལོའི་ཁུལ་ཡོངས་ཀྱི་རྒྱ་བོད་རྩོམ་རིག་གསར་རྩོམ་གྱི་གསོ་སྦྱོང་འཛིན་གྲྭ་དང་ཁམས་པའི་རྩོམ་པ་པོ་དཔུང་སྡེ་ཡི་རྩོམ་བཅོས་ཚོགས་འདུ་འཚོགས། ཐེངས་འདིའི་གསོ་སྦྱོང་གི་དམིགས་ཡུལ་ནི་མིང་གྲགས་ཅན་གྱི་རྩོམ་པ་པོའི་ཆེད་ལས་འཆད་ཁྲིད་དང་། ཆེད་ལས་ལས་ཁུངས་ལ་ལྟ་སྐོར། བརྩམས་ཆོས་དག་བཅོས་བྱེད་སྒོ་སོགས་ཀྱི་རྣམ་པར་བརྟེན་ནས་གཅིག་སྡུད་སློབ་སྦྱོང་བྱས་ཏེ། རྒྱ་བོད་རྩོམ་རིག་གསར་རྩོམ་མི་སྣའི་ཆེད་ལས་ཀྱི་བྱང་ཚད་དང་གསར་རྩོམ་ནུས་པ་ཇེ་མཐོར་གཏོང་རྒྱུ་དེ་ཡིན།
དཀར་མཛེས་ཁུལ་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཏང་ཙུའུ་ཡི་ཧྲུའུ་ཅིའམ་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཀྲང་ཅན་ཆོན་གྱིས་འཛིན་གྲྭ་གཉེར་འགོ་ཚུགས་པའི་མཛད་སྒོ་གཙོ་སྐྱོང་གནང་བ་དང་འབྲེལ་སྐུལ་སློང་གསུང་བཤད་ཀྱང་གནང་བ་རེད། ཁོང་གིས་ཐེངས་འདིའི་གསོ་སྦྱོང་གི་གལ་ཆེའི་རང་བཞིན་དང་དོན་སྙིང་། གསོ་སྦྱོང་ནང་ཞུགས་མཁན་ཚོས་སློབ་སྦྱོང་གི་གོ་སྐབས་ལ་གཅེས་སྤྲས་བྱས་ཏེ། སྤེལ་རེས་དང་མཉམ་འགུལ་ཧུར་ཐག་བྱས་ནས་ཐུན་མོང་ཐོག་གསར་རྩོམ་གྱི་ཆུ་ཚད་མཐོ་རུ་གཏོང་དགོས་པའི་སྐུལ་ལྕག་གནང་བ་རེད། དེ་དང་ཆབས་ཅིག་ཁོང་གིས་གསོ་སྦྱོང་འཛིན་གྲྭའི་སྒྲིག་ཁྲིམས་ནན་བཤད་གནང་ནས་གསོ་སྦྱོང་ནང་ཞུགས་མཁན་ལ་གསོ་སྦྱོང་གི་གཏན་འབེབས་བརྩི་སྲུང་ནན་པོ་བྱས་ཏེ་གསོ་སྦྱོང་གི་ཕན་འབྲས་འགན་ལེན་བྱེད་དགོས་པའི་བླང་བྱ་བཏོན།
ཐེངས་འདིའི་གསོ་སྦྱོང་གི་ཁ་གཏད་ས་དཀར་མཛེས་ཁུལ་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཁོངས་གཏོགས་ཀྱི་ཚོགས་མིའི་ཚན་པའི་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་མི་དང་གངས་དཀར་རི་བོ་དུས་དེབ་ཀྱི་བོད་རྒྱ་ཡིག་རིགས་ཀྱི་རྩོམ་པ་པོ་ཡིན་ཞིང་། ཁོང་ཚོ་ནི་ཁུལ་ཡོངས་ཀྱི་ལས་རིགས་སོ་སོའམ་རྫོང་ཁག་སོ་སོ་ནས་ཐོན་པའི་ས་གནས་ཁག་གི་མཚོན་བྱེད་རང་བཞིན་དང་གསར་རྩོམ་གྱི་ནུས་པ་ཡོད་མཁན་དག་དག་ཡིན། གསོ་སྦྱོང་བྱེད་རིང་རྩོམ་པ་པོ་གྲགས་ཅན་དང་མཁས་དབང་མང་པོ་གདན་དྲངས་ནས་གསོ་སྦྱོང་ནང་ཞུགས་མཁན་ལ་འཆད་ཁྲིད་དང་ཕན་ཚུན་བསམ་བློ་བརྗེ་རེས་བྱས་པས་འཆད་ཁྲིད་ཀྱི་ནང་དོན་ཕུན་སུམ་ཚོགས། གཞན་ཡང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་དང་པ་ཅིན་གྱི་རྩོམ་རིག་སློབ་གླིང་དུ་ལྟ་སྦྱོང་དང་སློབ་སྦྱོང་བྱེད་པར་བསྐྱོད། ཡུལ་དངོས་སུ་ལྟ་སྐོར་བསྐྱོད་པ་བརྒྱུད་ཞུགས་མཁན་ཚོས་དཔེ་སྐྲུན་བརྒྱུད་རིམ་དང་རྩོམ་རིག་གསར་རྩོམ་གྱི་ཁོར་ཡུག་ལ་ཤེས་རྟོགས་གཏིང་ཟབ་བྱས་ནས་མཐོང་རྒྱ་དང་བསམ་ཕྱོགས་སྔར་བས་རྒྱ་ཆེར་བཏང་བ་རེད།
དུས་ཡུན་ཉིན་ལྔའི་རིང་ཛ་དྲག་ངང་སློབ་སྦྱོང་དང་སྤེལ་རེས་བྱས་པ་བརྒྱུད་སྦྱོང་བརྡར་ནང་ཞུགས་མཁན་ཚོར་ཕན་པ་ཆེན་པོ་ཐོབ་ཡོད་ཅེས་གཅིག་རྗེས་གཉིས་མཐུད་ངང་བཤད་པ་རེད། ཁོང་ཚོས་རྩོམ་རིག་གསར་རྩོམ་ཐད་ཀྱི་ཤེས་བྱ་དང་རྩལ་ནུས་མང་པོ་ཤེས་པར་མ་ཟད། ད་དུང་འདོད་བློ་མཐུན་པའི་གྲོགས་པོ་མང་པོ་ངོ་ཤེས་ནས་སླད་ཕྱིན་གྱི་གསར་རྩོམ་ལ་འཆར་ཡན་དང་སྒུལ་ཤུགས་དེ་བས་མང་བ་མཁོ་འདོན་བྱས་ཡོད། དེ་དང་ཆབས་ཅིག་ཐེངས་འདིའི་གསོ་སྦྱོང་གིས་ཀྱང་ཁུལ་ཡོངས་ཀྱི་རྩོམ་རིག་བྱ་གཞག་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་གསོན་ཤུགས་དང་སྒུལ་ཤུགས་གསར་པ་བསྣན་ཡོད།
ཐེངས་འདིའི་གསོ་སྦྱོང་འཛིན་གྲྭ་བདེ་བླག་ངང་གཉེར་ཐུབ་པ་དེས་དཀར་མཛེས་ཁུལ་གྱི་རྒྱ་བོད་རྩོམ་རིག་གསར་རྩོམ་མི་སྣའི་ཆེད་ལས་བྱང་ཚད་དང་གསར་རྩོམ་ནུས་པ་ཆེ་རུ་ཕྱིན་པར་མ་ཟད། ཁོང་ཚོར་ཕན་ཚུན་སྤེལ་རེས་དང་། འབྱུང་འགྱུར་དཀར་མཛེས་ཁུལ་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱིས་རྩོམ་རིག་གསར་རྩོམ་གྱི་ཤེས་ལྡན་མི་སྣ་གསོ་སྐྱོང་ལས་དོན་ལ་མུ་མཐུད་ཤུགས་སྣོན་བརྒྱབ་ནས་ཁུལ་ཡོངས་ཀྱི་རྩོམ་རིག་བྱ་གཞག་རྒྱུན་ཆད་མེད་པར་མདུན་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན་པ་རེད། དེ་དང་ཆབས་ཅིག་སྦྱོང་བརྡར་ནང་ཞུགས་མཁན་ཚོས་སྦྱངས་པའི་ཐོབ་ཆ་རྣམས་དོན་དངོས་ཀྱི་གསར་རྩོམ་ནང་སྤྱད་དེ་དུས་རབས་གསར་པའི་དཀར་མཛེས་ཀྱི་གཏམ་རྒྱུད་ཡག་པོ་བྲིས་ནས་དཀར་མཛེས་ཁུལ་གྱི་རིག་གནས་དར་རྒྱས་གོང་འཕེལ་ཆེད་རང་ཉིད་ཀྱི་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུའི་རེ་སྒུག་ཀྱང་བྱེད་ཀྱི་ཡོད། །