རིག་གནས་ནི་རྒྱལ་ཁབ་ཅིག་དང་མི་རིགས་ཤིག་གི་བླ་སྲོག་ལྟ་བུ་དང་། རྒྱལ་ཁབ་དང་མི་རིགས་འཚོ་སྡོད་དང་གོང་འཕེལ་གྱི་སྟོབས་ཤུགས་གལ་ཆེན་ཞིག་ཡིན། 2023ལོའི་ཟླ་10ཚེས་7ཉིན་ནས་ཚེས་8ཉིན་བར། རྒྱལ་ཡོངས་ཀྱི་དྲིལ་བསྒྲགས་བསམ་བློ་རིག་གནས་ལས་དོན་གྲོས་ཚོགས་ཐོག་ཞི་ཅིན་ཕིང་གི་རིག་གནས་དགོངས་པ་དངོས་སུ་བཏོན་པ་མ་ཟད་གསལ་འགྲེལ་ཆ་ཚང་བ་བྱས་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དྲིལ་བསྒྲགས་བསམ་བློ་རིག་གནས་ལས་དོན་སྐོར་ལ་མཛུབ་སྟོན་གལ་ཆེན་གནང་ཞིང་། རིག་གནས་བྱ་གཞག་དང་རིག་གནས་ཐོན་ལས་དར་རྒྱས་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་ཤུགས་ཆེན་གཏོང་དགོས་པ་དང་། ཀྲུང་ཧྭ་ཡི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་སྲུང་སྐྱོབ་དང་རྒྱུན་འཛིན་བྱ་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་ནན་སྟོན་གནང་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། རང་རྒྱལ་གྱི་རིག་གནས་བྱ་གཞག་དང་རིག་གནས་ཐོན་ལས་དར་རྒྱས་གོང་འཕེལ་བྱུང་བ་དང་། རིག་གནས་ཐོན་རྫས་སྣ་མང་ཕུན་སུམ་ཚོགས་སུ་ཕྱིན་པ། སྤྱི་པའི་རིག་གནས་ཞབས་ཞུའི་མ་ལག་འཐུས་སྒོ་ཇེ་ཚང་དུ་ཕྱིན་པ། མི་དམངས་མང་ཚོགས་ཀྱི་སྣ་ཁ་མང་བ་དང་བང་རིམ་མང་བའི་བསམ་པའི་རིག་གནས་ཀྱི་དགོས་མཁོ་དེ་བས་ལེགས་པའི་སྒོ་ནས་སྐོང་ཐུབ་ཡོད།
ད་ལོའི་རྒྱལ་སྟོན་གུང་གསེང་རིང་། རེ་ཞུ་བརྒྱབ་པ་ལེགས་འགྲུབ་བྱུང་མ་ཐག་པའི“པེ་ཅིང་དཀྱིལ་ཐིག”གིས་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མང་པོའི་ཡིད་དབང་བཀུག་ཡོད། དཀྱིལ་ཐིག་ཐོག་གི་མཛེས་ལྗོངས་ཁུལ་མང་པོར་གློག་སྒྲོན་སྒྱུར་བཀོད་དང་མཛེས་རྒྱན་མེ་ཏོག་བསྒྲིགས་པ་སོགས་ཀྱི་ལས་དོན་བསྒྲུབས་ཚར་བས་ཡུལ་སྐོར་བ་ཚོས་དགའ་པོ་བྱེད་པའི་མཛེས་ལྗོངས་ཁུལ་ཞིག་ཏུ་གྱུར་ཡོད། “པེ་ཅིང་དཀྱིལ་ཐིག”གིས་ཀྲུང་གོའི་གནའ་བོའི་གྲོང་ཁྱེར་བཀོད་པའི་སྲོལ་རྒྱུན་མངོན་ཡོད་པ་དང་། དེ་ནི་ཀྲུང་ཧྭའི་ཤེས་དཔལ་གྱི་ཁྱད་ཆོས་མངོན་གསལ་དོད་པ་མཚོན་པར་བྱེད་པའི་རྟགས་གལ་ཆེན་ཞིག་ཡིན། རྒྱལ་ཁབ་རིག་དངོས་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཀོན་ཆང་གིས། “པེ་ཅིང་དཀྱིལ་ཐིག”ནི་ཀྲུང་གོའི་སྲོལ་རྒྱུན་འདུ་ཤེས་དང་། བཟོ་བཀོད་འདུ་ཤེས། མཚན་ཉིད་རིག་པའི་བསམ་བློ་བཅས་ཀྱི་དངོས་པོའི་གཞི་རྟེན་ཞིག་ཡིན་པ་དང་། དེའི་ཐོག་ནས་ཀྲུང་ཧྭ་མི་རིགས་ཀྱི་སྣ་མང་གཞི་གཅིག་གི་རྣམ་པ་ཆགས་པར་བདེན་དཔང་བྱས་ཡོད་ཅིང་། དེ་ནི་ཀྲུང་གོའི་འདོད་མཐུན་རྒྱལ་སའི་སྒྲིག་ལམ་གྱི་ཕུལ་བྱུང་བརྩམས་ཆོས་ཤིག་རེད། “པེ་ཅིང་དཀྱིལ་ཐིག”དེ་འཛམ་གླིང་ཤུལ་བཞག་གི་མིང་གཞུང་ནང་དངོས་སུ་ཞུགས་ཐུབ་པ་དེས་ཤར་ཕྱོགས་ཤེས་དཔལ་གྲོང་ཁྱེར་གྱི་བཟོ་དབྱིབས་མེད་པའི་སྟོང་ཆ་བསྐངས་ཡོད་ཅེས་གསུངས་ཡོད།
རིག་གནས་བྱ་གཞག་དང་རིག་གནས་ཐོན་ལས་ཕུན་ཚོགས་དར་རྒྱས་ཡོང་བར་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་སྔོག་འདོན་བྱ་རྒྱུ་དང་ཁ་འབྲལ་ཐབས་མེད། ད་ལོའི་ཟླ་3པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཧུའུ་ནན་དུ་རྟོག་ཞིབ་གནང་སྐབས། རིག་གནས་དང་ཚན་རྩལ་མཉམ་འདྲེས་ཀྱི་ནུས་ལྡན་ལམ་སྲོལ་འཚོལ་ཞིབ་དང་། རིག་གནས་ལས་རིགས་ཀྱི་རྣམ་པ་གསར་པ་མགྱོགས་མྱུར་གོང་འཕེལ་བཏང་ནས། རིག་གནས་ཐོན་ལས་ཀྱི་འཕར་གཞི་གསར་པ་སྔར་བས་མང་བ་ཆགས་པ་བྱེད་དགོས་ཞེས་ནན་སྟོན་གནང་ཡོད།
ཧོ་ནན་ཁའེ་ཧྥེང་གི་ཆིང་མིང་དར་རྒྱས་དཔལ་མཚོན་རི་མོའི་མཛེས་ལྗོངས་ཁུལ་གྱིས་སུང་རྒྱལ་རབས་ཀྱི་རིག་གནས་ཉམས་སུ་མྱོང་བའི་བར་མཐོངས་ངོམས་སྟོན་འཁྲབ་ཚན《བབ་ཆགས་ལ་དགའ་བའི་སུང་》ཞེས་པ་བཏོན་པ་དང་། དངོས་ལྗོངས་དང་རྟོག་བཟོའི་དངོས་ཡོད་ལག་རྩལ་མཉམ་འདྲེས་གཏིང་ཟབ་བྱས་པ་བརྒྱུད། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཁྲོད་ཀྱི་སུང་རྒྱལ་རབས་ཀྱི་བབ་ཆགས་མཛེས་རིག་དང་སུང་རྒྱལ་རབས་ཀྱི་སྙན་ཚིག་བློ་ཁམས་འགྲེམས་སྟོན་བྱས་པས། ཡུལ་སྐོར་བའི་མིག་ཡིད་རྣ་བའི་དགའ་སྟོན་དུ་གྱུར་ཡོད།
ཆིང་མིང་དར་རྒྱས་དཔལ་མཚོན་གླིང་གཉེར་འཚོང་ལྟེ་གནས་ཀྱི་ཁྲོམ་ར་པུའི་འགན་འཁུར་བ་ཤིང་ཤའོ་ཡུའེ་ཡིས། ཚན་རྩལ་དང་རིག་གནས། རོལ་རྩེད། འཁྲབ་སྟོན་བཅས་གཞི་གཅིག་ཏུ་འདུས་པ་བརྒྱུད། སྲོལ་རྒྱུན་རིག་གནས་གསར་གཏོད་རྣམ་པའི་ཐོག་ནས་མཚོན་པར་བྱེད་པ་དང་། ཚང་མས་རྒྱལ་ཁབ་ཀྱི་ཉམས་འགྱུར་དང་རྒྱལ་ཁབ་ཀྱི་དར་སྲོལ་ཁྲོད་ནས་ང་ཚོའི་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཀྱི་ཡིད་དབང་འཕྲོག་ཤུགས་མྱོང་ཚོར་ཐུབ་པ་བྱས་ཡོད་ཅེས་གསུངས་ཡོད།
ཚན་རྩལ་གྱིས་རིག་གནས་ལ་ནུས་པ་སྤྲོད་པ་དང་། སྲོལ་རྒྱུན་དང་དེང་རབས་གཅིག་འོད་གཅིག་འཕྲོ་བྱེད་བཞིན་ཡོད། ལོ་ཟླའི་གཙང་འཁྲུད་བྱས་པ་བརྒྱུད། ཀྲུང་ཧྭའི་སྲོལ་རྒྱུན་རིག་གནས་ཀྱི་མཆོག་ནོར་རྣམས་རྒྱུན་འཛིན་ཁྲོད་ངོ་མཚར་གསར་པ་རྒྱས་པ་དང་སྐྱེ་སྟོབས་ཀྱི་དཔལ་འབར་བའི་གསོན་ཤུགས་མངོན་བཞིན་ཡོད།
ཀྲུང་གོའི་གློག་བརྙན་གྱིས་མི་དམངས་མང་ཚོགས་ཀྱི་རིག་གནས་དགོས་མཁོ་སྔར་ལས་ལེགས་པའི་སྒོ་ནས་སྐོང་བ་དང་ཆབས་ཅིག འཛམ་གླིང་གློག་བརྙན་གྱི་གནས་སྟངས་ལའང་ཤུགས་རྐྱེན་ཐེབས་ཤུགས་ཇེ་ཆེར་འགྲོ་བཞིན་ཡོད། 2023ལོར་ཀྲུང་གོའི་གློག་བརྙན་གྱི་སྤ་སེ་བཙོངས་པའི་དངུལ་འབོར་མི་དམངས་ཤོག་སྒོར་དུང་ཕྱུར་549ལས་བརྒལ་ནས་གོ་ལ་ཧྲིལ་པོའི་གློག་བརྙན་ཁྲོམ་ར་ཆེ་གྲས་གཉིས་པར་བརྟན་པོའི་ངང་གནས་ཡོད། ལོ་ཧྲིལ་པོར་སྤ་སེ་བཙོངས་པའི་དངུལ་སྒོར་དུང་ཕྱུར་ལས་བརྒལ་བའི་གློག་བརྙན་73ཡོད་པའི་ནང་རང་རྒྱལ་ནས་ཐོན་པའི་གློག་བརྙན་50ཡོད་པ་དང་། སྤ་སེ་བཙོངས་ཚད་བང་གྲལ་གྱི་ཨང་དང་པོ་ནས་བཅུ་པ་བར་ཚང་མ་རང་རྒྱལ་ནས་ཐོན་པའི་གློག་བརྙན་ཡིན། ཆིང་ཧྭ་སློབ་ཆེན་གསར་འགྱུར་དང་ཁྱབ་སྤེལ་སློབ་གླིང་གི་དགེ་རྒན་ཆེ་མོ་བ་དབྱིན་ཧུང་གིས། ཀྲུང་གོའི་གློག་བརྙན་ལ་རང་ཉིད་ཀྱི་རང་ཡུལ་རང་བཞིན་དང་། མི་རིགས་རང་བཞིན། དངོས་ཡོད་རང་བཞིན་བཅས་ཟབ་མོ་ལྡན་ཡོད། ཀྲུང་གོའི་གཏམ་རྒྱུད་དེ་བས་ལེགས་པའི་སྒོ་ནས་འཛམ་གླིང་ཡོངས་ལ་བརྒྱུད་བསྒྲགས་བྱས་ཏེ། ཚང་མས་ཀྲུང་གོའི་ལོ་རྒྱུས་དང་ཀྲུང་གོའི་རིག་གནས་ཤེས་རྟོགས་ཐུབ་པ་དང་། དེང་གི་ཀྲུང་གོ་བར་བྱུང་བའི་འགྱུར་ལྡོག་དང་ཀྲུང་གོ་བས་འབྱུང་འགྱུར་ལ་བཅངས་པའི་རེ་བ་མཐོང་ཐུབ་པའི་རེ་བ་བྱེད་ཀྱི་ཡོད་ཅེས་གསུངས་ཡོད།
རིག་གནས་ནི་སྤེལ་རེས་བྱས་པའི་རྐྱེན་གྱིས་ངོ་མཚར་ཆེ་རུ་འགྲོ་བ་དང་། ཤེས་དཔལ་ནི་ཕན་ཚུན་དཔྱད་གཞིར་འཛིན་པའི་རྐྱེན་གྱིས་ཕུན་སུམ་ཚོགས་སུ་འགྲོ་ཡི་ཡོད། རྒྱལ་སྟོན་དུས་ཆེན་གྱི་སྔ་ནུབ་ཏུ། “ རིག་གནས་སྤེལ་རེས་གཏིང་ཟབ་ཏུ་བཏང་ནས། ཐུན་མོང་ཐོག་ཡར་རྒྱས་ཡོང་བ་བྱེད”ཅེས་བརྗོད་གཙོར་བཟུང་བའི་2024ལོའི་པེ་ཅིང་རིག་གནས་གླེང་སྟེགས་བདེ་བླག་ངང་གཉེར་ཡོད། ཚོགས་འདུའི་ཐོག་ཡོངས་བསྒྲགས་བྱས་པའི《ཀྲུང་ཕྱིའི་རིག་གནས་སྤེལ་རེས་སྙན་ཞུ(2023)》ལས་མངོན་པར། 2023ལོར་ཀྲུང་གོ་དང་ཕྱི་རྒྱལ་གྱི་རིག་གནས་སྤེལ་རེས་ལ་ཁྱབ་ཁོངས་མང་པོའི་ནང་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ་དང་། ལེགས་པའི་ཕྱོགས་སུ་གོང་འཕེལ་འགྲོ་བའི་སྤྱིའི་རྣམ་པ་མངོན་ཡོད། མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་སྒྲིག་འཛུགས་ཀྱི་དེ་སྔའི་སྤྱི་ཁྱབ་ལས་བྱ་པོ་ཁེ་ཝས། ཀྲུང་གོར་རིག་གནས་ཤུལ་བཞག་སྲུང་སྐྱོབ་དང་བེད་སྤྱོད་དེ་བཞིན་ཕྱོགས་གཞན་དག་གི་ཐད་ལ་ཉམས་མྱོང་ཧ་ཅང་ཕུན་སུམ་ཚོགས་པོ་ཡོད་པས། ཀྲུང་གོས་འདིའི་ཐད་ཀྱི་ཉམས་མྱོང་རྒྱལ་ཁབ་གཞན་དང་ལྷག་དོན་དུ་གོང་འཕེལ་འགྲོ་བཞིན་པའི་རྒྱལ་ཁབ་ལ་མཉམ་སྤྱོད་བྱས་ཏེ། རྒྱལ་ཁབ་དེ་ཚོས་རང་སོའི་རིག་གནས་ཤུལ་བཞག་སྲུང་སྐྱོབ་བྱེད་པའི་ཐད་ཀྱི་ནུས་པ་ཟམ་མི་ཆད་པར་ཆེ་རུ་གཏོང་རྒྱུར་རོགས་རམ་བྱེད་ཐུབ་པའི་རེ་བ་བྱེད་ཀྱི་ཡོད་ཅེས་གསུངས་འདུག
2023ལོའི་ཟླ་3པར། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་གོ་གུང་ཁྲན་ཏང་དང་འཛམ་གླིང་སྲིད་ཏང་གི་མཐོ་རིམ་གླེང་མོལ་ཚོགས་འདུའི་ཐོག་གོ་ལ་ཧྲིལ་པོའི་ཤེས་དཔལ་གྲོས་འགོ་ཐོག་མར་བཏོན་ཡོད། ཐུན་མོང་ཐོག་འཛམ་གླིང་ཤེས་དཔལ་གྱི་སྣ་མང་རང་བཞིན་ལ་བརྩི་འཇོག་བྱ་རྒྱུར་ཁྲིད་སྟོན་དང་། མིའི་རིགས་ཡོངས་ཀྱི་ཐུན་མོང་གི་རིན་ཐང་དར་སྤེལ་གཏོང་རྒྱུ། ཤེས་དཔལ་རྒྱུན་འཛིན་དང་གསར་གཏོད་ལ་མཐོང་ཆེན་བྱ་རྒྱུ། རྒྱལ་སྤྱིའི་མི་ཆོས་རིག་གནས་སྤེལ་རེས་མཉམ་ལས་ལ་ཤུགས་སྣོན་རྒྱག་རྒྱུ་བཅས་ཀྱི་གྲོས་འགོ་བཏོན་ཡོད།
ཞི་ཅིན་ཕིང་གིས། ང་ཚོས་རྒྱལ་སྤྱིའི་སྤྱི་ཚོགས་དང་མཉམ་དུ། འཛམ་གླིང་རྒྱལ་ཁབ་ཁག་གི་མི་ཆོས་རིག་གནས་ཀྱི་སྤེལ་རེས་དང་། རིག་གནས་མཉམ་འདྲེས། དམངས་སེམས་གཅིག་མཐུན་བཅས་ཀྱི་རྣམ་པ་གསར་པ་ནུས་ཤུགས་ཡོད་རྒུས་བཏོད་དེ། འཛམ་གླིང་གི་ཤེས་དཔལ་ལྡུམ་ར་ཆེན་པོ་དེ་མཚར་སྡུག་རྣམ་པར་བཀྲ་བ་དང་གསོན་ཤུགས་ཀྱིས་ཁེངས་པར་འགྱུར་བ་བྱ་འདོད་ཡོད་ཅེས་གསུངས་གནང་ཡོད། །