《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རླུང་ཁམས་ཆེན་པོའི་སྦགས་བཙོག་སྔོན་འགོག་བཅོས་སྐྱོང་སྐོར་གྱི་བཅའ་ཁྲིམས》དང་ཞིང་ཆེན་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལས་དོན་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱས་ཏེ། ཁྲོམ་རའི་ལྟ་སྐུལ་དོ་དམ་སྡེ་ཁག་གི་འགན་ནུས་ལེགས་འདོན་བྱ་ཆེད། ཉེ་དུས་རྫོང་ཁྲོམ་རའི་ལྟ་སྐུལ་དོ་དམ་ཅུས་ཀྱིས་སྐམ་འཁྲུད་དང་བརྡ་ཁྱབ་ལས་རིགས་ཀྱི་སྐབས་བསྟུན་གཉིས་དང་ཡོངས་བསྒྲགས་གཅིག་གི་འཐེན་བཤེར་ལས་དོན་སྤེལ།
ཁྲིམས་འཛིན་མི་སྣས་ཡུལ་དངོས་ནས་བརྡ་ཁྱབ་ལས་གཉེར་གྱི་ཐོ་འགོད་དང་ཞིབ་བཤེར། ཡིག་ཚགས་དོ་དམ་བཅས་ཀྱི་ལམ་ལུགས་ཡིག་ཆར་ཞིབ་བཤེར་བྱས་ཏེ། བརྡ་ཁྱབ་ལས་གཉེར་བར་རྒྱལ་ཁབ་དང་ཞིང་ཆེན་གྱི་གཏན་འབེབས་དང་མཐུན་པའི་VOCsའདུས་ཚད་དམའ་བའི་བྱུག་རྫས་དང་སྣག་ཚགས། འབྱར་རྫས་སོགས་སྤྱོད་དགོས་པའི་བླང་བྱ་བཏོན།
སྐམ་འཁྲུད་ཁང་གིས་ཁ་འབྱེད་རྣམ་པའི་སྐམ་འཁྲུད་འཕྲུལ་འཁོར་སྤྱོད་མིན་ལ་ཞིབ་བཤེར་བྱས། སྒོ་རྒྱག་རྣམ་པའི་སྐམ་འཁྲུད་འཕྲུལ་འཁོར་ཁྱབ་གདལ་བཏང་སྟེ་སྒྲིག་ཆས་ཁོར་ཡུག་སྲུང་སྐྱོང་གི་ཚད་གཞི་དང་མཐུན་པར་འགན་ལེན་བྱེད་དགོས་པའི་བླང་བྱ་བཏོན། སྒྲིག་ཆས་བཀོལ་སྤྱོད་དོ་དམ་ལམ་ལུགས་བཙུགས་ཡོད་མེད་དང་འཁོར་སྐྱོད་བྱས་ཡོད་མེད་ལ་ཞིབ་བཤེར་བྱས། དུས་བཀག་ལྟར་བདག་སྐྱོང་བྱས་ཏེ་སྒྲིག་ཆས་ཀྱི་གཤིས་ནུས་གཙོ་བོ་ལེགས་འདོན་ལ་ཁག་ཐེག་བྱེད་དགོས་པའི་བླང་བྱ་བཏོན། རྒྱལ་ཁབ་ཀྱིས་བཀའ་སྒྲོག་ལྟར་བཀག་སྡོམ་གནང་བའི་འདག་རྫས་བཀོལ་མིན་ལ་ཞིབ་བཤེར་བྱས་ཏེ། སྐམ་འཁྲུད་འདག་རྫས་རིགས་དབྱེ་ནས་ཉར་ཚགས་བྱེད་དགོས་པ་དང་འདག་རྫས་འདུས་པའི་དངོས་རྫས་ཁ་དམ་པོར་སྦྱར་ནས་ཉར་ཚགས་བྱེད་དགོས་ལ། གཏན་འབེབས་དང་མཐུན་པའི་གནོད་མེད་སྐམ་འཁྲུད་འདག་རྫས་བཀོལ་ནས་ཁོར་ཡུག་ལ་གནོད་པ་ཇེ་ཉུང་དུ་གཏོང་དགོས་པའི་བླང་བྱ་བཏོན།
དུས་མཚུངས་སུ་གཉེར་སྐྱོང་བྱེད་པོས་སྦགས་བཙོག་འགོག་བཅོས་ལས་དོན་དྲིལ་སྒྲོག་བྱེད་ཤུགས་ཆེ་རུ་བཏང་ནས། སྦགས་བཙོག་འགོག་བཅོས་ལས་དོན་གྱི་གལ་ཆེའི་རང་བཞིན་ནན་གྱིས་བསྟན་ནས་སྦགས་བཙོག་འགོག་བཅོས་ཀྱི་འདུ་ཤེས་ཆེ་རུ་གཏོང་དགོས་པའི་བླང་བྱ་བཏོན།