སྤྱི་ཟླ་9པའི་ཚེས21ཉིན། 2023ལོའི་སི་ཁྲོན་དར་མདོའི་མི་ཉག་རིག་གནས་དར་སྤེལ་དུས་བཟང་གི་འགོ་ཚུགས་མཛད་སྒོ་དེ་མི་ཉག་རྡོ་ར་དཀར་མོར་སྤེལ་ཞིང་། བྱེད་སྒོ་འདི་ནི་མི་ཉག་རིག་གནས་དར་སྤེལ་དང་རྒྱུད་འཛིན་ཡོང་ཆེད་སྤེལ་བ་ཞིག་རེད། ཐེངས་འདིའི་བྱེད་སྒོའི་བརྗོད་དོན་གཙོ་བོ་ནི་མི་ཉག་རིག་གནས་རྒྱུད་འཛིན་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་མ་ལག་གི་འདུ་ཤེས་བརྟན་དུ་གཏོང་ཞེས་པ་ཡིན་ཞིང་། མི་ཉག་མཛངས་མ་དང་མི་ཉག་ལ་གླུ་ཡི་འགྲན་སྡུར། མི་ཉག་རིག་གནས་རྒྱུད་འཛིན་དང་དར་སྤེལ་དཔྱད་གླེང་། མི་ཉག་རྡོ་རྩིག་ལག་རྩལ་རྒྱུད་འཛིན་དང་ཡུལ་དངོས་ཀྱི་སློབ་ཁྲིད་སོགས་ཀྱི་བྱེད་སྒོ་རབ་དང་རིམ་པ་སྤེལ་ཏེ། དམངས་སྲོལ་དང་རིག་གནས། ཟས་མཆོག་དང་རིག་གནས་ཡུལ་སྐོར་བཅས་གཞི་གཅིག་འདྲེས་ཀྱིས་མི་ཉག་རིག་གནས་ཀྱི་ཉམས་བཟང་མངོན་པར་བྱ་རྒྱུ་ཡིན་པ་རེད།
ཐེངས་འདིའི་བྱེད་སྒོའི་ནང་མི་ཉག་བུ་མོ་དང་མི་ཉག་ལ་གླུ་ཡི་འགྲན་སྡུར་ལས་བྱ་དགའ་ཐོབ་མཁན་དག་ལ་བྱ་དགའི་དཔང་ཡིག་སྤྲད་ཡོད་པ་མ་ཟད། ད་དུང་རིག་རྩལ་འཁྲབ་སྟོན《ཡང་བསྐྱར་ཏང་ལ་བསྟོད་ལེན་》དང་།《མི་ཉག་སྐོར་བྲོ》《མི་ཉག་བུ་མོའི་ཤོམ་འགྲོ》《ང་དང་ངའི་མེས་རྒྱལ་》བཅས་དང་དེ་བཞིན་ཞིང་ཆེན་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་རྣམ་གྲངས་ཀྱི་གྲས་སུ་ཚུད་པའི《མི་ཉག་ལ་གླུ》དང་མི་ཉག་གི་དམངས་ཁྲོད་ལྷ་མོའི་ཟློས་གར་སོགས་གླུ་དབྱངས་དང་ཟློས་གར། ཞབས་བྲོ་སོགས་རྒྱ་ཆེའི་ལྟད་མོ་བའི་སྤྱན་ལམ་དུ་བཤམས་ཡོད།
ངོ་མཚར་ཆེ་བའི་གླུ་གར་འཁྲབ་སྟོན་བརྒྱུད་དར་མདོའི་མང་ཚོགས་རྣམས་ཀྱིས་དུས་རབས་གསར་པའི་ཏང་གི་འོད་སྣང་འོག་གི་སྒོ་དབྱེ་དང་། ཁོང་ཡངས། གསར་གཏོད། ཡར་རྒྱས་བཅས་ཀྱི་བསམ་པའི་ཉམས་འགྱུར་སླར་ཡང་མངོན་པར་བྱས་པ་དང་། རིག་གནས་དང་ཡུལ་སྐོར་མཉམ་འདྲེས་ལ་ཤུགས་སྣོན་བརྒྱབ་ནས་དར་མདོའི་རིག་གནས་དང་ཡུལ་སྐོར་སྤུས་མཐོའི་གོང་འཕེལ་ལ་སྐུལ་འདེད་དང་ས་མཐོའི་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་ཆེད་རྣམ་པ་བཟང་པོ་བཏོད་ཡོད་པ་དང་། ཀྲུང་ཧྭའི་རིག་གནས་དང་མི་རིགས་ཁག་གི་རིག་གནས་དར་རྒྱས་གོང་འཕེལ་ཡོང་བར་སྔར་བས་ཤུགས་སྣོན་བརྒྱབ་སྟེ་མི་རིགས་ཁག་གི་ཐུན་མོང་གི་བསམ་པའི་ཁྱིམ་གཞིས་སྐྲུན་པར་ནུས་ཤུགས་གང་ཡོད་འབུལ་བཞིན་ཡོད།
ཐེངས་འདིའི་བྱེད་སྒོའི་དམིགས་ཡུལ་ནི་ཕྱོགས་གཅིག་ནས་ཞིང་འབྲོག་མང་ཚོགས་ཀྱི་ཏང་གི་བཀའ་དྲིན་ཚོར་སེམས་དང་མེས་རྒྱལ་ལ་བཅངས་པའི་བསམ་པའི་འདུ་ཤེས་སྔར་བས་ཟབ་ཏུ་གཏོང་བ་དང་། ཕྱོགས་གཞན་ཞིག་ནས་བྱེད་སྒོ་འདི་སྤེལ་བ་བརྒྱུད་མི་ཉག་གི་རིག་གནས་སྔར་བས་ཁྱབ་གདལ་བཏང་སྟེ། ས་གནས་ས་ཐོག་གི་མང་ཚོགས་དང་ཡུལ་སྐོར་བར་མི་ཉག་རིག་གནས་ཉམས་སུ་མྱོང་དུ་བཅུག་ཡོད།
དཀར་མཛེས་ཁུལ་གྱི་ས་ཁོངས་ཧྲིལ་པོའི་ཡུལ་སྐོར་འཕེལ་རྒྱས་ཕྱིན་པ་དང་བསྟུན་ནས་དར་མདོ་གྲོང་ཁྱེར་གྱིས་མི་ཉག་སྐོར་བྲོ་སྲུང་སྐྱོང་དང་རྒྱུད་འཛིན་ཧུར་ཐག་བྱེད་བཞིན་པ་དང་། འབྱུང་འགྱུར་མི་ཉག་སྐོར་བྲོ་བརྒྱུད་དེ་རིག་གནས་དང་ཡུལ་སྐོར་ཟུང་འབྲེལ་གྱི་འཕེལ་རྒྱས་ཀྱི་རྣམ་པ་གཏོད་རྒྱུ་ཡིན་པ་རེད།