གཞོན་ནུ་ལོ་ཆུང་གི་ཁྲིམས་སྐྱོང་དྲིལ་སྒྲོག་དང་སློབ་གསོར་སྔར་ལས་ཤུགས་སྣོན་སྒོས། རྒྱུན་མི་ཆད་པར་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་སློབ་སྦྱོང་གཏིང་ཟབ་བྱས་ཏེ། མུ་མཐུད་དུ་བརྒྱད་ལྔའི་ཁྲིམས་གདལ་འཆར་འགོད་ཀྱི་དམིགས་ཚད་ལས་འགན་སོ་སོར་སྐུལ་འདེད་གཏོང་ཆེད། ཟླ8པའི་ཚེས24ཉིན། མཛོད་དགེ་རྫོང་ཁྲིམས་འཛིན་ཅུས་རྫོང་མཁར་ནུབ་ཁུལ་གྱི་བོད་ཡིག་སློབ་འབྲིང་དུ་བསྐྱོད་དེ། སྟོན་ཁའི་སློབ་མགོ་གསར་ཚུགས་ཀྱི་ཁྲིམས་སྐྱོང་སློབ་ཐུན་དང་པོའི་སྒྲོག་འགྲེལ་བྱེད་སྒོ་སྤེལ།
བྱེད་སྒོར་སྒྲོག་འགྲེལ་མི་སྣས་སློབ་གྲྭའི་ཉེ་འཁོར་དང་སློབ་མའི་ཉེ་འཁོར་གྱི་གྱོད་དཔེ་གསོན་པོ་བརྗོད་དོན་གཙོ་བོར་བཟུང་སྟེ། བྱེད་སྒོའི་ཡུལ་དངོས་ཀྱི་སློབ་མ་རྣམས་ལ་གཞོན་ནུ་སྲུང་སྐྱོང་བཅའ་ཁྲིམས་དང་གཞོན་ནུའི་ཉེས་གསོག་སྔོན་འགོག་བཅའ་ཁྲིམས། དམངས་དོན་ཁྲིམས་གཞུང་སོགས་བཅའ་ཁྲིམས་ཤེས་བྱ་སྒྲོག་འགྲེལ་གནང་བར་མ་ཟད། རྒྱུད་རིམ་ལྡན་པར་གློག་འཕྲིན་དྲ་བའི་མགོ་སྐོར་དང་དུག་འགོག བདེ་འཇགས་ཐོན་སྐྱེད་སོགས་ཀྱི་བཅའ་ཁྲིམས་ཁྲིམས་སྲོལ་སྒྲོག་འགྲེལ་གནང་། སློབ་རའི་བརྙས་བཅོས་དང་གློག་འཕྲིན་དྲ་བའི་མགོ་སྐོར། དུག་འགོག་སོགས་ལ་རྒོལ་རྡུང་བྱེད་པའི་སྐོར་གྱི་གྱོད་དཔེར་བརྟེན་ཏེ། སློབ་མས་ཁྲིམས་བརྩི་ཁྲིམས་སྲུང་དང་ཁྲིམས་སློབ་ཁྲིམས་སྤྱོད་བཅས་བྱེད་པར་སློབ་གསོ་དང་ཁྲིད་སྟོན་ལེགས་པོས། སློབ་མ་རྣམས་ལ་རྒྱུན་ལྡན་གྱི་སློབ་སྦྱོང་འཚོ་བའི་ཁྲོད་བཅའ་ཁྲིམས་ལ་བརྟེན་ནས་རང་ཉིད་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱེད་ཚུལ་རྟོགས་སུ་བཅུག ཐེངས་འདིའི་སྒྲོག་འགྲེལ་བྱེད་སྒོར་སློབ་གསོ་ཐེབས་པའི་དགེ་སློབ་མི་ཐེངས1000ལྷག་ཟིན།
རྗེས་སོར་རྫོང་ཁྲིམས་འཛིན་ཅུས་མུ་མཐུད་དུ་རྫོང་ཡོངས་ཀྱི་སློབ་གྲྭ་ཆུང་འབྲིང་ཁག་དུ་བསྐྱོད་དེ། སྟོན་ཁའི་སློབ་མགོ་གསར་ཚུགས་ཀྱི་ཁྲིམས་སྐྱོང་སློབ་ཐུན་དང་པོའི་སྒྲོག་འགྲེལ་བྱེད་སྒོ་སྤེལ་ཏེ། སློབ་གྲྭའི་བར་གྱི་འབྲེལ་འདྲིས་སྔར་ལས་ཤུགས་ཆེར་བཏང་ནས། ཁྲིམས་སྐྱོང་སློབ་གཙོ་གཞོན་པའི་བྱེད་ནུས་ལེགས་པར་བཏོན་ནས། ཁྲིམས་སྐྱོང་ཀུན་གྱི་སེམས་སུ་འཇོག་པ་དམིགས་ཡུལ་དུ་བཟུང་ནས་གཞོན་ནུའི་ཁྲིམས་སྐྱོང་སློབ་གསོའི་ལས་དོན་ལེགས་པར་སྒྲུབ་པ་དང་། མུ་མཐུད་དུ་ཉམས་མྱོང་སྤྱི་སྡོམ་དང་ཁྲིམས་གདལ་དྲིལ་སྒྲོག་བྱེད་ཐབས་གསར་གཏོད་བྱེད་པ་དང་། མུ་མཐུད་དུ་བཅའ་ཁྲིམས་སྲིད་ཇུས་སློབ་རར་སྐྱེལ་བའི་བྱེད་སྒོ་སྤེལ་ཏེ། བདེ་འཇགས་ཅན་གྱི་སློབ་ར་དང་ཁྲིམས་སྐྱོང་ཅན་གྱི་སློབ་ར་འཛུགས་སྐྱོང་ལ་རམ་འདེགས་བྱས་ནས། གཞོན་ནུ་བདེ་ཐང་ངང་འཚར་ལོངས་ཡོང་བར་སྲུང་སྐྱོང་བྱ་རྒྱུ་རེད།