དབྱར་གནང་མཇུག་བསྒྲིལ་ཏེ་སློབ་སྐབས་གསར་བ་ཚོར་མེད་ངང་སླེབས། ཟླ8པའི་ཚེས20ཉིན། དྲོད་ཁོལ་ལྡན་པའི་ཉི་མའི་འོག ཁྱིམ་བདག་རྣམས་ཀྱིས་རེ་བས་ཁེངས་པའི་བྱིས་པ་རྣམས་སློབ་གྲྭར་ཁྲིད་དེ་མིང་ཐོ་བཀོད་ནས། ཁོ་ཚོའི་འབྱུང་འགྱུར་གྱི་ཕུགས་བསམ་མངོན་དུ་འགྱུར་བར་རྨང་རྡོ་བརྟན་པོ་བཏིངས།
མཛོད་དགེ་རྫོང་གི་སློབ་གྲྭ་ཆུང་འབྲིང་དང་བྱིས་སྐྱོང་ཁང་སོ་སོས་ཚེས20ཉིན་སློབ་མགོ་གསར་ཚུགས་ཀྱི་ཉིན་མོ་ལེགས་པར་བསུས། གསར་འགོད་པས་སློབ་གྲྭའི་སྒོ་ཁར་མཐོང་བ་ལྟར་ན། དེར་ཁྱིམ་བདག་དང་སློབ་མ་རྣམས་ཀྱིས་ལག་ཏུ་རྒྱུ་ཆ་དང་དངོས་རྫས་སྣ་ཚོགས་བཟུང་ནས། གཏན་འཁེལ་གྱི་ས་གནས་སུ་བསྐྱོད་དེ་སློབ་ཞུགས་འགྲོ་སྲོལ་སྒྲུབ་བཞིན་ཡོད་ལ། སློབ་གྲྭའི་ལས་ཀ་བ་རྣམས་ཀྱིས་སྤྲོ་སེམས་འཁོལ་བའི་ངང་ཁྱིམ་བདག་རེ་རེའི་མདུན་བསུས་ཏེ། ངང་རྒྱུད་རིང་བོས་ཁོ་ཚོའི་དྲི་བར་འགྲེལ་ལན་སྟེར་བར་མ་ཟད། འབྲེལ་ཡོད་རྒྱུ་ཆར་ཞིབ་བཤེར་གྱིས་མིང་ཐོ་འགོད་པའི་གོ་རིམ་བདེ་བླག་ཡོང་བར་འགན་བླངས།
སློབ་སྐབས་གསར་བར་སླེབས་རྗེས། དབྱར་གནང་རིང་ལྷིང་འཇགས་སུ་གནས་པའི་སློབ་རར་སླར་ཡང་སྐྱེ་སྟོབས་དང་གསོན་ཤུགས་ཀྱི་དཔལ་འབར་ཞིང་། སློབ་མ་གསར་བ་རྣམས་ངར་ཤུགས་ཀྱིས་ཁེངས་ཏེ་སློབ་གྲྭ་ལ་སྐྱེ་སྟོབས་དང་གསོན་ཤུགས་གསར་བ་བསྣན།
ཁྱིམ་བདག་རྣམས་ཀྱིས་བྱིས་པ་དང་མཉམ་དུ་ཉལ་ཁྲི་འདིང་བ་དང་། སློབ་སྐབས་གསར་བའི་ཉེར་སྤྱོད་དངོས་རྫས་མཉམ་དུ་ཉོས་པ། སློབ་གྲོགས་རྣམས་ལྷན་དུ་འཛོམས་རྗེས། ཡུན་རིང་ལ་མ་ཐུག་པའི་དགའ་སྤྲོའི་ཁྲོད་ཕན་ཚུན་རྩེད་མོར་རོལ། དགེ་རྒན་རྣམས་ཀྱིས་སློབ་ཁང་བཀོད་སྒྲིག་ལེགས་པོས་སློབ་སྐབས་གསར་བར་དྲོ་སྐྱིད་དང་རེ་སྒུག་གསར་བ་བསྐྲུན་ཞིང་། སློབ་མ་རྣམས་སྤྲོ་སེམས་དང་སྤོབས་པས་ཁེངས་བཞིན་སློབ་སྦྱོང་གི་འགྲན་རྩོད་གསར་བ་བསུས།
མཛོད་དགེ་རྫོང་སློབ་འབྲིང་གི་དམའ་འབྲིང་ལོ་རིམ་གཉིས་པའི་འཛིན་གྲྭ་དང་པོའི་སློབ་མ་ཧྲི་ལུའུ་དབྱིན་གྱིས་བཤད་རྒྱུར། སློབ་སྐབས་གསར་བ་ནི་རྣམ་པ་གསར་བ་ཡིན། ང་ཚོ་མཛོད་དགེ་རྫོང་སློབ་འབྲིང་གི་སློབ་གསོའི་བྱ་གཞག་སྔར་ལས་སྐས་རིམ་གསར་བར་འཛེག་པར་སྨོན་འདུན་ཞུ་ཟེར།
མཛོད་དགེ་རྫོང་གི་སློབ་གྲྭ་ཆུང་འབྲིང་དང་བྱིས་སྐྱོང་ཁང་སོ་སོས་མིང་འགོད་སློབ་མགོ་གསར་ཚུགས་བདེ་བླག་ངང་སྤེལ་བ་ཡིས། སློབ་སྐབས་གསར་བ་དངོས་སུ་མགོ་བརྩམས་པར་མཚོན་ལ། སློབ་གྲྭ་དང་ཁྱིམ་བདག སློབ་མ་བཅས་ཀྱིས་མཉམ་དུ་མཛེས་སྡུག་ལྡན་པའི་འབྱུང་འགྱུར་ལ་རེ་སྒུག་སྒོས། སློབ་གསོའི་སྟོབས་ཤུགས་ལ་བརྟེན་ཏེ། བྱིས་པ་རྣམས་བདེ་ཐང་ངང་འཚར་ལོངས་ཡོང་བར་རྨང་རྡོ་བརྟན་པོ་བཏིངས།